སྐར་མ་མཛོ་འདོགས།
མུ་ཏིག
ཕྱི་དྲོའི་སྐར་མ་མཛོ་འདོགས།།
ཟླ་བའི་སྐྱོ་རོགས་སླེབས་སམ།།
ང་དང་ཨ་མའི་གཏམ་རྒྱུད།།
རི་དང་ཆུ་མོས་བཀག་སོང་།།
ནམ་གུང་སྐར་མ་ཨ་བརྟན།།
སྐར་ཚོམས་རྒྱལ་པོར་ཕེབས་སམ།།
གམ་གྱི་བུ་ཆུང་རྨི་ལམ།།
ཐུན་རེ་ཐུན་རེ་འཐུ་རོགས།།
ནམ་ལངས་ཐོ་རེངས་སྐར་ཆེན།།
མ་སོང་སུ་ལ་སྒུག་གམ།།
ཉི་ཟླ་གཅིག་གི་འོག་ནས།།
མ་ཐུག་ནང་མི་གཟིགས་སམ།།
སྐར་མ་སྨིན་དྲུག་དང་ལྷ་བྱ་ཁུ་བྱུག
———བོད་ཀྱི་ངག་རྒྱུན། ཡིག་ཕབ་པ་མུ་ཏིག
བོད་མིའི་ངག་རྒྱུན་དུ། སྨིན་དྲུག་ནི་དགུན་གྱི་གྲང་ངར་ཁྱེར་ཡོང་མཁན་གྱི་སྐར་མ་སྡུག་རྩུབ་ཅན་ཞིག་དང་། ཁུ་བྱུག་ནི་མགོ་ནག་བོད་ལ་དགའ་བའི་ལྷ་བྱ་ཞིག་ཡིན། ལྷ་བྱ་ཁུ་བྱུག་དང་སྐར་མ་སྨིན་དྲུག་བར་གྱི་འབྲེལ་བ་ནི་འགལ་ཟླ་རང་བཞིན་ཅན་ཞིག་རེད།
སྨིན་དྲུག་གིས་ལོ་རེར་བཞིན་དགུན་གྱི་གྲང་ངར་བཟོད་ཐབས་པ་མེད་པ་རེ་བོད་ལ་ཁྱེར་ཡོང་གི་ཡོད། དེ་ཡང་དགུན་མ་བུ་དགུ་ཁྲིད་ནས་སླེབས་པས་སྨིན་དྲུག་ཤར་བ་ནས་དགུན་རྩིས་པ་དང་། དགུ་དགུ་གྱ་གཅིག་གི་བར་དུ་འགྲོ་རོགས་མི་བྱེད་པའི་སྡུག་རྩུབ་ཅན་ཞིག་ཡིན་པས། དགུན་ཟླ་རིང་མོ་དེར་རྩྭ་ལྗང་ལོ་སྐམ་པར་བྱས། ས་དོག་མོ་ཁ་བས་བཀབ། ཆུ་སྔོན་མོ་འཁྱག་པས་བསྡམས། རླུང་སེར་བུས་བར་སྣང་བཀང་བ་དང་། ཟོག་ལུག་མང་པོའི་ཚེ་སྲོག་ཤོར། མིའི་འགྲོ་འདུག་ལ་དཀའ་ངལ་བཟོས་པ་སོགས། སྨིན་དྲུག་ཡོང་དུས་སྡུག་རྩུབ་ཀྱིས་ཡོང་བ་དང་འགྲོ་ཁར་ཚེ་སྲོག་མང་པོ་སྡེབ་འཁུར་གྱིས་འགྲོ་མཁན་ཞིག་ལ་ངོས་འཛིན་བྱེད།
ད་དུང་སྨིན་དྲུག་ཤར་ས་ལ་ཡང་རྟགས་མཚན་མང་པོ་ཡོད་སྟེ། དཔེར་ན། སྨིན་དྲུག་ཟླ་བའི་སྒང་ལ་ཤར་ཡོད་ན་དཔྱིད་ཀ་མགྱོགས་པོ་ཚེས་རྒྱུ་དང་། ཟླ་བ་དང་ཚད་མཉམ་ཤར་ཚེས་དཔྱིད་ཀ་ཚེས་རྒྱུར་འགོར་བ། ཟླ་བའི་འོག་ནས་ཤར་ཚེ་དཔྱིད་ཀ་རིང་བ་ཡོང་རྒྱུའི་རྟགས་སུ་རྩི་སྲོལ་ཡོད།
ཁུ་བྱུག་ནི་མགོ་ནག་བོད་ལ་ཧ་ཅང་དགའ་བའི་བྱ་ཞིག་ཡིན་པས། བོད་པས་རང་གི་ལྷ་བྱ་ལ་རྩིས་པའི་སྲོལ་བྱུང་། དེ་ཡང་ཁུ་བྱུག་གིས་བོད་ལ་དཔྱིད་ཀ་བསུས་ནས་ཡོང་བས། སྔོ་ལྗང་གི་རྩྭ་ལོ་འབུས། དྲི་ཞིམ་གྱི་མེ་ཏོག་འཐུལ། ཆུ་མོས་གླུ་བླངས། སྦྲང་མ་དང་ཕྱེ་མ་ལེབ་ཀྱིས་གར་འཁྲབ་པ་སོགས་བོད་ལ་བདེ་སྐྱིད་ཀྱི་དུས་ཚིགས་བསུ་མཁན་གྱི་ལྷ་བྱ་བཀྲ་ཤིས་པ་ཞིག་ལ་རྩི་སྲོལ་ཡོད།
མདོར་ན་ཁུ་བྱུག་གིས་བོད་ལ་དབྱར་ཕ་མ་འདྲ་བོའི་དྲོད་ཁོལ་ཁྱེར་ནས་སླེབས་པས་ཚེ་སྲོག་གསོ་བའི་ནུས་པ་དང་ལྡན་པ་དང་། ཁུ་བྱུག་གིས་དགུན་སྟག་མོ་འདྲ་བོའི་སྡུག་རྩུབ་ཁྱེར་ནས་སླེབས་པས་ཚེ་སྲོག་ཉམས་པའི་རྒྱུར་གྱུར་བ་ལ་ངོས་འཛིན་བྱེད་སྲོལ་ཡོད།
ཐེངས་ཤིག ཁུ་བྱུག་བོད་ལ་ཡོང་བཞིན་པའི་ལམ་བར་ཞིག་ནས་སྨིན་དྲུག་དང་གདོང་ཐུག་བརྒྱབ་ནས། བོད་དོན་ལ་རྩོད་པ་ཤོར། ཁ་རྩོད་ཇེ་ཆེར་སོང་བ་དང་རྒྱག་རེས་མི་བྱེད་ག་མེད་དུ་གྱུར། སྐབས་དེར་ཁུ་བྱུག་གིས་སྨིན་དྲུག་གི་སྒལ་བར་བརྒྱབ་ནས་སྐེ་ཚིགས་བཅག་པས་སྨིན་དྲུག་སྐེ་འཁྱོག་ཅེས་པའི་མིང་དེ་བྱུང་བ་དང་། སྨིན་དྲུག་གིས་ཁུ་བྱུག་གི་རྐང་པར་བརྒྱབ་ནས་རྐང་བ་བཅགས་པས་ཁུ་བྱུག་རྐང་གྱོལ་ཞེས་པའི་མིང་ཞིག་ཀྱང་བྱུང་བར་བཤད།
འདི་ནི་བོད་ཀྱི་རང་བྱུང་གི་འཕོ་འགྱུར་དང་། ཁུ་བྱུག་སྨིན་དྲུག་གཉིས་ཀྱི་དུས་ཚོད་ཀྱི་གཏམ་རྒྱུད་ཅིག་ཡིན།
འདི་ནི་མེས་པོ་ཚོས་བྱིས་པ་ཚོར་བརྩམས་པའི་ངག་རྒྱུན་སྒྲུང་གཏམ་ཞིག་དང་། རང་བྱུང་ཁམས་ཀྱི་སྣང་ཚུལ་ངོ་སྤྲོད་བྱེད་པའི་ཐབས་རྩལ་ཞིག་ཀྱང་ཡིན།
སྙིང་ཉེ་བའི་གྲོགས་ཕོ་མོ་ཚོ། དྲན་པར་འོས་པའི་སྤོ་རྨོ་ཚོས་ཁྱེད་ཚོར་སྐར་མའི་གཏམ་རྒྱུད་བཤད་མྱོང་ངམ།
བཀླགས་གྲངས། 781