མུ་ཏིག་གིས་བུ་ཆུང་གཉིས་ལ་ཁ་བརྡ་བྱས་ཞོར།
བཀླགས་གྲངས། 167
གསར་བུ་གནས་འདིའི་མཁའ་རླུང་འཇམ་ཞིང་བསིལ་མོ་བསིལ་མོ།།
རྦབ་ཆུའི་ཟེགས་མས་ལྗོན་པའི་སྐྲ་ལོར་ཕྲ་ཙམ་རྒྱན་ཙམ།།
རྫ་ཆུ་གླུ་མས་འོ་མའི་མཆོད་ཀ་འཕེན་ཙམ་འཕེན་ཙམ།།
ལྗང་མོའི་རི་ཚོགས་གནམ་ལ་རལ་བ་གསིག་ཙམ་གསིག་ཙམ།།
ནམ་མཁའི་སྤྲིན་པས་ཡུལ་གྱི་ཁ་དོག་གླེང་ཙམ་གླེང་ཙམ།།
ལོ་དང་ཟླ་བའི་དྲན་པ་ལྗིད་པོ་འཐུ་ཙམ་འཁུར་ཙམ།།
མིག་མཐའི་ཆུ་ཞགས་སྨུག་རྒྱུའི་གསེང་ལ་འདྲེན་ཙམ་འདྲེན་ཙམ།།
ཕ་ལོའི་མ་ལོའི་ཕྱག་གིས་མགོ་ལ་བྱིལ་ཙམ་བྱིལ་ཙམ།།
གསར་བུས་རྐྱལ་རྫིང་ཉ་མོར་འཁྱུག་ཙམ་ལྡེམ་ཙམ་དགོད་ཙམ།།
བསིལ་བསིལ་རླུང་གི་གཡབ་མོས་འཁྱག་ཙམ་འདར་ཙམ་ཤུམ་ཙམ།།
ཆེམ་ཆེམ་གློག་གི་འོད་ཀྱིས་བཀྲུས་ཙམ་དག་ཙམ་རྒྱན་ཙམ།།
རྫ་ཆུའི་བདུད་རྩི་ཉིང་བཅུད་འཐུང་ཙམ་བཟི་ཙམ་འཛུམ་ཙམ།།
ཤག་ཤག་གཙང་ཆུའི་མཚན་ལྗོངས་ཡིད་ལ་སྙན་ཙམ་སིམ་ཙམ།།
ཙ་ཙིར་འབའ་འབུའི་ལབ་གླེང་རྣ་བར་གཙེར་ཙམ་སུན་ཙམ།།
འདར་འདར་སྐར་མའི་མིག་འོད་ཟུར་ཙམ་ཆེམ་ཙམ་རྡེབ་ཙམ།།
ཨ་ལ་མཚན་སྨག་འདི་ན་ཉིན་མོའི་དབུ་འཁྱུད་གསར་པ།།
རི་བོའི་པང་གི་བྱིས་དུས་འཇའ་ཚོན་ཤར་ཙམ་ཤར་ཙམ།།
ལུག་ཁྱུའི་འབའ་སྒྲ་རླུང་གི་དྲི་ཡིས་ཕར་འཁུར་ཚུར་འཁུར།།
ཚེས་རིས་ཟླ་བ་ཨ་མས་མངགས་སམ་བྱམས་བརྩེའི་འཛུམ་དཀར།།
བསྟན་ཙམ་ལྷུག་ཙམ་གྲོལ་ཙམ་དགོད་ཙམ་བྱིལ་ཙམ་གནང་བྱུང་།།