གློགས་ཞགས་ཀྱིས་བསྒྱུར།
བཀླགས་གྲངས། 1538
(སྒྱུར་པ་པོའི་གསལ་བཤད། འགྱུར་ཡིག་འདི་ནི་མནྫུའི་རྒྱལ་རབས་མཇུག་ཙམ་གྱི་པེ་ཅིང་གི་ལོ་རྒྱུས་ཡིག་ཚགས་ཞེས་པ་ལས་བདམས་སྒྱུར་བྱས་པ་ཞིག་ཡིན་ལ། དེབ་དེ་ནི་སྤྱི་ལོ་༡༩༠༤ལོའི་སྤྱི་ཟླ་༡༢པར་པེ་ཅིང་དུ་བཅའ་བཞུགས་ཉི་ཧོང་གི་དམག་སྤྱི་ཧྲན་པིན་ཟེར་བའི་བཀོད་མངགས་ལྟར། སྤྱི་ལོ་༡༩༠༧ལོར་གྲུབ་པར་མཛད་པའི་དེབ་ཞིག་ཡིན་ལ། སྐབས་དེའི་པེ་ཅིང་གི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་རྒྱུས་ལོན་གྱི་ཆེད་དུ་མཁས་པ་མང་བོ་ཞིག་མཉམ་རུབ་ཀྱིས་བྲིས་པའི་སྣ་འཛོམས་ཅན་གྱི་ཡིག་ཚགས་ཕྱོགས་བསྡུས་ཤིག་ཡིན་ལ། འདིར་སྐབས་དེའི་པེ་ཅིང་གི་སྨད་བཙོང་ཁང་རབ་འབྲིང་ཐ་གསུམ་གྱི་ཚན་པ་དེ་བསྒྱུར་ཡོད།)
པེ་ཅིང་དུ་སྨད་བཙོང་ཁང་ལ་རབ་འབྲིང་ཐ་གསུམ་དུ་བཀར་ཡོད་ལ། དེ་ལས་སྨད་བཙོང་མ་རབ་རྣམས་ལ་གླུ་མ་ཞེས་དང་སྡོད་ཁང་ལ་དབྱངས་ཚོགས་ཞེས་སུ་འབོད་ཅིང་། ཁང་པ་གྲལ་དག་ཅིང་མགྲོན་པོར་ཁམས་དྭངས་མོའི་ཚོར་བ་སྤྲོད་ཐུབ། གླུ་མ་དག་གི་གཟབ་མཆོར་མཛེས་ལ་ཁོ་ཚོར་བདག་པོ་བྱེད་མཁན་གྱི་སྦྱིན་བདག་མར་ཏྭ་ཡཱ་ཟེར། དེའི་འོག་ཏུ་ཞབས་ཞུར་རྒྱུག་མཁན་གྱི་གཡོག་པོ་དང་གཡོག་མོ་ཡོད་ལ་གཡོག་མོ་དག་ལ་ཨ་མ་ལགས་ཟེར། མགྲོན་པོ་སླེབས་སོང་ཞེས་བརྡ་བཏང་བ་དང་སྦྱིན་བདག་མོས་མགྲོན་པོ་དག་ལ་ཐ་མག་དང་ཇ་དྲངས་ནས་སྣེ་ལེན་བྱེད་ཞོར་དུ་མགྲོན་པོ་དག་གི་མཚན་ལ་ཅི་ཞིག་ཞུ་བ་སོགས་རྒྱུས་ལོན་བྱས་རྗེས་གླུ་མ་དག་རེ་རེ་བཞིན་མགྲོན་པོའི་མདུན་དུ་བསྟར་ནས་འདམ་ག་བྱེད་དུ་འཇུག
གླུ་མ་ཚང་མ་མགྲོན་པོའི་མདུན་དུ་ཡོང་དགོས་པ་ཞིག་ཡིན་ལ། ཚང་མ་འཛོམས་རྗེས་སྦྱིན་བདག་མས་གླུ་མ་རེ་རེའི་མིང་སོགས་མཚམས་སྦྱོར་བྱས་རྗེས་སུ་མགྲོན་པོས་རང་འདོད་ལྟར་གདམ་ཆོག མགྲོན་པོས་གླུ་མ་བདམས་ཚར་པ་དང་སྦྱིན་བདག་མོས་གླུ་མ་དེའི་སྒེར་ཁྱིམ་དུ་གདན་དྲངས་པ་དང་གཡོག་པོ་དང་ཨ་མ་ལགས་རྣམས་ཀྱིས་ཐ་མག་དང་ལག་པ་འཕྱིད་བྱེད་ཀྱི་ལག་རས་སོགས་བསྐྱལ་དགོས། མགྲོན་པོས་ཉལ་ཐ་འཐེན་པ་དང་གླུ་གར་ལ་རོལ་པ། རང་འདོད་ཀྱི་ཁ་བརྡ་སོགས་ལ་རོལ་ནས་ཕྱིར་ཐོན་སྐབས་སུ་གླུ་མར་ཕྱི་སྒོར་གཉིས་སྤྲོད་དགོས་པ་དེར་ཚོང་སྒོ་ཕྱེས་གླ་ཟེར། སྐབས་རེར་གྲོགས་པོ་གདན་འདྲེན་གྱིས་མགྲོན་བསུ་བྱེད་ལུགས་ཤིག་ཡོད་ཅིང་དེ་ལ་མགྲོན་ཟས་ཟ་བ་ཟེར། སྐབས་དེར་མགྲོན་བསུ་བྱེད་མཁན་གྱི་གླུ་མ་དེས་མགྲོན་པོ་གང་དེ་དང་མཉམ་དུ་ཇ་ཆང་ལ་རོལ་ནས་གང་དགའ་གང་སྐྱིད་བྱས་པར་ཚོང་སྒོ་ཕྱེས་གླ་སྤྲད་དགོས། མགྲོན་པོ་དེས་དབྱངས་ཚོགས་སམ་སྨད་བཙོང་ཁང་གཞན་དུ་ཡོད་པའི་གླུ་མ་ངོ་ཤེས་གཞན་གདན་འདྲེན་ཞུ་འདོད་ཡོད་ཚེ་མགྲོན་ཤོག་གཏོང་དགོས་པ་དེར་བྱང་བུ་ཞེས་སུ་འབོད་ལ། གླུ་མ་དེར་འཁྲིག་རྩེད་བྱས་གླར་སྒོར་ལྔ་སྤྲད་དགོས་ཤིང་དེའི་ནང་དུ་ཕར་འགྲོ་ཚུར་འོང་གི་འཁོར་གླ་མི་འདུས། སྦྱིན་བདག་བྱེད་མཁན་གྱིས་ཨ་རག་གི་རིན་པ་སྤྲད་དགོས་པ་ལས་གཞན་ཟས་རིགས་བསྒྲིགས་གླར་དངུལ་སྒོར་དྲུག་ལས་གཞན་སྨད་བཙོང་ཁང་གི་སྦྱིན་བདག་ལ་སྒོར་གཉིས་ཀྱི་བརྔན་པ་སྤྲད་དགོས། གལ་སྲིད་མགྲོན་པོ་ཞིག་མཚན་གང་བོར་བསྡད་པ་ཡིན་ན་འཁྲིག་རྩེད་ཀྱི་གླ་ཆ་དངུལ་སྒོར་དྲུག་སྤྲད་དགོས་པ་ལས་གཞན་ཉལ་གདན་སོགས་གཙང་སྤྲ་བྱེད་མཁན་ལ་བརྔན་པ་སྤྲད་དགོས། ཡིན་ནའང་ཆ་རྒྱུས་ཡོད་པའི་མགྲོན་པོ་མ་གཏོགས་ཐེངས་དང་པོར་སླེབས་པའི་མགྲོན་པོ་ཡིན་ན་མཚན་ལ་ཞག་འདུག་བྱ་མི་ཆོག
མགྲོན་པོ་མི་གཅིག་གིས་ཟ་མ་ཟོས་པར་ཞོར་ཟོས་ཟེར་ལ་དེར་ཟས་གླ་ལས་གཞན་བཟའ་བཅས་བསྒྲིགས་གླར་དངུལ་སྒོར་གཉིས་དང་བརྔན་པར་སྒོར་གཅིག་སྤྲད་དགོས། སྔོན་མ་གླུ་མའམ་སྨད་བཙོང་མ་ཟ་ཁང་དུ་བོས་ཆོག་ནའང་ད་ལྟ་མཚམས་འཇོག་བྱ་རུ་བཅུག་ཟིན།
སྨད་བཙོང་ཁང་རབ་དག་གིས་ལོ་རེར་ཐེངས་གཉིས་ལ་རྒྱུན་ལྡན་གྱི་མགྲོན་པོ་དག་བོས་ནས་གླུ་གར་གྱིས་མགྲོན་བསུ་བྱས་པར་མགྲོན་པོ་དག་གིས་བརྔན་པ་སྤྲད་དགོས་ལ། དེ་ལ་མགྲོན་བསུ་(请客)ཞེས་སུ་འབོད་ཅིང་དོན་དུ་དངུལ་བསྡུ་ཐབས་ཤིག་ཡིན།
སྨད་བཙོང་ཁང་འབྲིང་དག་ནི་གཞི་རྒྱ་ཅུང་ཆུང་ལ་སྨད་བཙོང་མ་ཚང་མས་གླུ་གཞས་གཏོང་མི་ཤེས། སྨད་བཙོང་ཁང་འབྲིང་དག་གི་ནང་དུ་ཟ་མ་བཟའ་ཡུལ་མེད་ལ་སྨད་བཙོང་མ་དག་ལ་རུས་མིང་ཡང་མེད་པར་ཨང་རིམ་དང་པོ་དང་གཉིས་པའམ་རིམ་པ་གཙོ་ཕལ་ཞེས་སུ་འབོད།
མགྲོན་པོ་རྣམས་ཀྱིས་ཐ་མག་འཐེན་པ་དང་ཇ་འཐུང་ནས་སྨད་བཙོང་མས་མགྲོན་པོ་དེ་དང་མཉམ་དུ་རྩེད་དགར་རོལ་དགོས་པ་ཞིག་ཡིན་ལ་དེར་ཇ་ཡོལ་བརྒྱབས་པ་ཟེར་ཞིང་པེ་ཅིང་གི་སྒོར་ལྔ་སྤྲད་དགོས། ཇ་གཅིག་པུ་འཐུང་བ་ཙམ་ཡིན་ན་རྒྱུན་རིང་བོར་བསྡད་མི་ཆོག་ལ། ཇ་འཐུང་བཞིན་པའི་སྐབས་སུ་སྨད་བཙོང་མ་དེའི་ངོ་ཤེས་ཤིག་སླེབས་པ་ཡིན་ན་རང་ཉིད་ཁང་པ་གཞན་ཞིག་ཏུ་སོང་ནས་སྨད་བཙོང་མ་དེ་མགྲོན་པོ་གང་དེར་འཁྲིད་དུ་འཇུག་དགོས།
སྨད་བཙོང་མ་དང་མཉམ་དུ་ཞག་འདུག་བྱ་འདུན་ཡོད་ཚེ་ཞག་སྡོད་གྱི་གླར་པེ་ཅིང་གི་སྒོར་མོ་བཅུ་དང་སྦྱིན་བདག་ཨ་མ་རྒན་མོ་ལ་བརྔན་པ་ཁ་ཤས་སྤྲད་དགོས། འཁྲིག་སྤྱོད་ཀྱི་གླ་རིན་ལ་སྒོ་ཕྱེས་གླ་ཞེས་སུ་འབོད། སྨད་བཙོང་ཁང་འབྲིང་དང་ཐ་མ་གཉིས་ཀྱིས་ཉིན་དཀར་ཡང་སྒོ་ཕྱེས་ནས་མགྲོན་པོ་སྣེ་ལེན་བྱེད་ཀྱིན་ཡོད། སྨད་བཙོང་ཁང་འབྲིང་རྣམས་ལ་མཚོན་ན་རབ་དང་འདྲ་བར་ལོ་གཅིག་གི་ནང་དུ་ཐེངས་གསུམ་ལ་མགྲོན་བསུ་བྱས་ནས་བྲོ་གར་འཁྲབ་སྲོལ་ཡོད་པ་ཞིག་རེད། སྤྱིར་བཏང་གྲོགས་ལ་མགྲོན་བསུ་བྱེད་དུས་སྨད་བཙོང་ཁང་འབྲིང་བའི་ནང་དུ་མི་འགྲོ་བ་ཞིག་རེད།
སྨད་བཙོང་ཁང་ཐ་མའི་མིང་ལ་ས་ཁང་ཞེས་འབོད་ཀྱིན་འདུག་ལ་གཙང་སྤྲ་དང་ཆ་རྐྱེན་ཡང་ཡག་པོ་མེད་ཅིང་། ཁང་པའི་ནང་དུ་མལ་ཁྲི་གཅིག་དང་ཉལ་ཐུལ་གཅིག་མ་གཏོགས་མི་འདུག་ལ། སྨད་བཙོང་མ་དག་ལ་རྣམ་པའང་ཡག་པོ་མེད་པ་མ་ཟད་ལོ་ཡང་རྒན་གཞོན་འདྲ་མིིན་འདུག མགྲོན་པོ་སླེབ་པ་དང་སྤྱིན་བདག་མས་སྨད་བཙོང་མ་དག་ཚུར་འབོད་པའམ་དྲ་མིག་རེ་རེ་བྱས་ནས་མགྲོན་པོར་བདམ་གསེས་བྱ་རུ་འཇུག་གིན་འདུག ཇ་དང་ཐ་མག་འཐེན་པའི་གླ་རིན་པེ་ཅིང་གི་སྒོར་གསུམ་དང་སྒོ་ཕྱེས་གླར་པེ་ཅིང་གི་སྒོར་ལྔ། འཁྲིག་རྩེད་ཀྱི་གླ་པེ་ཅིང་གི་སྒོར་མོ་བརྒྱད་རེད།
སྨད་བཙོང་ཁང་རབ་འབྲིང་ཐ་གསུམ་པོ་དེ་དག་ནི་པེ་ཅིང་མཁར་གྱི་ཕྱི་རོལ་དུ་ཆགས་ཡོད་པ་ལས། གཞན་གསང་སྒོ་ཟེར་བའི་སྨད་བཙོང་ཁང་ཞིག་འདུག་ལ་གསང་སྒོ་ནི་སྤྱི་དམངས་ཀྱི་སྡོད་ཁང་གང་སར་ཡོད་པ་ཞིག་རེད། དེ་དག་གི་རིམ་པ་ནི་སྨད་བཙོང་ཁང་རབ་དང་འབྲིང་གཉིས་ཀྱི་བར་ཙམ་རེད། ཁྱིམ་ཚང་རེར་སྨད་བཙོང་མ་གསུམ་ནས་བཞི་འདུག་ལ་མགྲོན་པོ་ངོ་ཤེས་ལས་གཞན་པར་མགྲོན་བསུ་བྱེད་ཀྱིན་མི་འདུག
སྤྱིར་སྨད་བཙོང་ཁང་ཚང་མ་པེ་ཅིང་མཁར་གྱི་ཕྱི་རོལ་ལས་ནང་རོལ་དུ་བཙུག་ཆོག་གིན་མི་འདུག་མོད། ཀིན་ཙིའི་དོན་རྐྱེན་བྱུང་བའི་རྗེས་སུ་ཕྱིའི་རྒྱལ་ཁབ་འདྲ་མིན་གྱི་དམག་མི་སོགས་ཀྱི་དགོས་དབང་གིས་པེ་ཅིང་མཁར་གྱི་ནང་རོལ་དུའང་སྨད་བཙོང་ཁང་མང་བོ་བཙུག་ཅིང་། དེ་དག་གི་ནང་དུ་ཕྱི་རྒྱལ་གྱི་མི་དང་མཉམ་འབྲེལ་གྱིས་བཙུག་པའི་སྨད་བཙོང་ཁང་མང་པོ་ཡོད་ལ། དེ་དག་ལ་འགོས་ནད་འགོག་ཐབས་གང་ཡང་མ་བྱས་པའི་དབང་གིས་འགོས་ནད་ཀྱི་ཉེན་ཁ་ཤིན་ཏུ་ཆེ་ལ། ཀྲུང་གོ་བའི་བཤད་སྲོལ་ཞིག་ལ་ན་གཞོན་བཅུའི་ནང་གི་དགུ་ལ་འགོས་ནད་ཕོགས་ཡོད་པའི་བཤད་སྲོལ་ཡོད་པ་མ་ཟད། པེ་ཅིང་གྲོང་ཁྱེར་གྱི་གྱང་སྡེབས་གང་སར་སྨན་གྱི་ཁྱབ་བསྒྲགས་སྦྱར་ཡོད་པ་ལས་མང་ཆེ་ཤོས་ཕོ་མོའི་འགོས་ནད་ཀྱི་སྨན་སྦྱོར་གྱི་སྐོར་ཡིན་པ་ལས་ཀྱང་ཤེས་ཐུབ།
ཀྲུང་གོའི་མིས་སྨད་བཙོང་ཁང་ཉུལ་རྒྱུ་དེ་ངོ་ཚ་ཞིག་ལ་མི་རྩི་བར་ནམ་རྒྱུན་མཐོ་རིམ་མི་སྣ་དག་སྨད་བཙོང་ཁང་དུ་འགྲོ་བཞིན་ཡོད་པ་མ་ཟད། སྨད་བཙོང་ཁང་དུ་སྨད་བཙོང་མ་ཉོས་ནས་བཟའ་ཟླ་བྱེད་བཞིན་པ་དེ་རྒྱུན་ལྡན་ལྟ་བུ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་བརྩམས་སྒྲུང་དང་གནའ་རབས་ཀྱི་སྙན་ངག་སོགས་སུ་སྨད་བཙོང་མའི་སྐོར་མང་བོ་ཐོན་བཞིན་ཡོད་པ་དེས་ཀྲུང་གོ་ནི་གནས་སྔ་མོ་ནས་བཟུང་སྨད་བཙོང་མར་བག་ཆགས་ཟབ་མོ་ཡོད་པ་མཚོན་ཐུབ་བོ།།
སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༨པའི་ཚེས་༣༠ལ་གློག་ཞགས་ཀྱིས་རྒྱ་ཡིག་ལས་བསྒྱུར།



