གློག་ཞགས། (ཨ་རི)
བཀླགས་གྲངས། 144
བུ་རྒོད་པོ། བདེ་བར་བཞུད་དང་།
གཅན་མེ་སྟག མུན་ཁྲོད་ནས་མེ་རི་བཞིན་འབར་མྱོང་བའི་རང་ཚུགས་རྣོན་པོ།
ཞོགས་པའི་གཏམ་ངན་དེ་ཁ་པར་དུ་ནན་གྱིས་བབས་ནའང་།
ངས་རྨི་ལམ་ཞིག་ཡིན་པའི་ཨུ་ཚུགས་བྱས་མོད།
མེ་ཏོག་གིས་ངག་མ་ཁྲོལ། མཆུ་སྒྲོས་འདར་ཙམ་འདར་ཙམ་ལས།
རི་ལུང་གིས་བརྡ་མ་འཕྲོད། སྨུག་སྤྲིན་འཁྱུག་ཙམ་འཁྱུག་ཙམ་ལས།
མྱི་བོ་སོང་ཤུལ་ན། ཀ་ཁ་ལྐུག་ཅིང་དབྱངས་མོ་སྨྲེང་།
མཚེར་ཤུལ་དུ། མེས་པོའི་བླ་རི་གཏོར་དུས།
སུ་ཞིག་གི་སྨྱུག་ཁ་ནས་རྣོ་སྐུད་བཞུར་མྱོང་།
མཚེར་ཤུལ་དུ། མཚོ་མོ་ཁྲག་གིས་ཟ་དུས།
གང་ཞིག་གི་སེམས་ཁོངས་སུ་འོ་མཚོ་འཁྱིལ་མྱོང་།
རྒོད་པོ་འཕུར་ཤུལ་ན། བྲག་རི་སྨྲེང་ཞིང་ཆུ་མོ་ངུ།
རྟ་ཕོ་བརྒྱུགས་ཤུལ་ན། བཙན་པོའི་ཀི་སྒྲ་དང་ཟིལ་ཤུགས་ཡོད་ནའང་།
ཁྱེད་ཕེབས་ཤུལ་གྱི་རོང་ཞིང་གྲུ་བཞི། སྐྱོམ་ཙམ་སྐྱོམ་ཙམ།
ཁྱེད་ཕེབས་ཤུལ་གྱི་འབྲོག་སྡེ་ཕྱུག་མོ། ཧེད་ཙམ་ཧེད་ཙམ།
ཁྱེད་ཕེབས་ཤུལ་ན། གྲོགས་ཀྱི་ཕངས་སེམས་ཡོད་ལ་སྤོབས་པའང་ཡོད།
བུ་རྒོད་པོ། བདེ་བར་བཞུད་དང་།
ཁྱེད་ཀྱི་སྨྱུག་ཁ་ན། ཉིན་གྱི་བྱ་ར་ཡོད། མཚན་གྱི་མེལ་ཚེ་ཡོད།
༢༠༢༢ལོའི་སྤྱི་ཚེས༢༠མཚན་མོར་ཨ་རིའི་རྒྱལ་ས་ནས་མྱ་ངན་དང་བཅས།