འདྲེ་རྐང་འཇིབ་ཀྱིས།
བཀླགས་གྲངས། 546
དགུང་གི་ཉི་ཟེར་ས་རུ་ཕེབས་དུས་མེ་ཏོག་ཡང་ན་ལྗོན་ཤིང་དག།
དགའ་བའི་ཡལ་འདབ་ཡངས་པར་ཕྱེས་ཏེ་ཁྱོད་ལ་བསུ་བའི་རྣམ་པ་མཛེས།།
ཚེ་སྲོག་སྟོང་གི་རྒྱུ་བའི་དཀྱིལ་འཁོར་གོ་ལའི་རྒྱན་དུ་འཕོ་སོང་ཞེས།།
བསྟོད་དམ་རྨད་པའི་ཚིག་གི་ཕྲེང་འདི་སྤེལ་བར་གྱུར་ན་མ་འཚེངས་ཀྱེ།།
ཁང་བརྩེགས་སྟོང་གི་རི་ཕྲེང་སྒྲིག་ན་གནས་འདི་བརྗིད་པའི་བ་དན་གཡོ།།
མཛེས་པའི་གློག་སྒྲོན་རྣམ་པར་བཀྲ་ཚེ་སྐར་མའི་མདངས་ལ་བག་ཡོད་སྦྱིན།།
དགུ་ཚིགས་རིང་མོའི་འགྲན་དུ་སློང་བའི་ཆུ་རྒྱུན་རིང་མོ་དལ་འབབ་ཚེ།།
མཁའ་ལམ་གཅོད་པའི་ལྷ་ཚོགས་དག་ཀྱང་སྨོན་པའི་ཚིག་ལ་བདག་གམ་ཀྱེ།།
ཚན་རིག་གློག་གི་གློག་དམར་འཁྱུག་དུས་གནམ་ས་འོད་ཀྱིས་འཚིག་ལ་ཁད།།
འཕྲུལ་ཆས་སྟོང་གིས་ལྡིར་སྒྲ་སྒྲོག་ཚེ་གྲགས་པའི་དབྱར་རྔ་འགྲོ་ལ་ཁད།།
ས་དང་མཁའ་རུ་སྟོབས་ཀྱིས་བརྗིད་པའི་མཛེས་པ་དག་ཀྱང་འཕྲོག་བྱེད་པའི།།
དེང་གི་ཡུལ་གྲོང་ཆེས་ཆེར་འཕེལ་ན་མིག་གི་ལོངས་སྤྱོད་ཨེ་མ་རྨད།།
སྣ་ཚོགས་ཤེས་རིག་ལྡུམ་རའི་སྐྱེད་ཚལ་ཡངས་པའི་སྤང་དང་འགྲན་ནས་འོང་།།
རིག་ཚན་དག་གི་ཆུ་ཀློང་རྒྱས་པས་ཆབ་དཔལ་རིག་གི་རྒྱ་མཚོ་འཁྱིལ།།
དེ་ཉིད་སྦྱོང་བའི་བྱིས་པའི་དཔུང་ཚོགས་སྟོབས་དང་སྤོབས་པས་དཔལ་རྒྱས་པ།།
གནས་གྲོང་འདི་ཡི་ཚེ་ཡི་ཟུངས་ལ་སྔར་བས་ཤུགས་ཀྱིས་དར་ཆ་སྒྲེང་།།
མི་རིགས་མང་པོའི་ཁོངས་སུ་ནུབ་པའི་གདོང་དམར་བོད་ཀྱི་གདུང་རྒྱུད་དག།
བཙན་པོའི་རུས་རྒྱུད་གསེར་གྱི་ཐི་གུས་དམ་པོར་བསྡམས་པའི་དགུ་མདུད་འདྲ།།
བཙན་མོའི་རྒྱུད་ཀྱི་དུང་གི་སྒྲ་དབྱངས་རྣ་བར་སྙན་པའི་བུ་རམ་འདྲ།།
ས་མཐའ་ཡིན་ཡང་ཡུལ་དང་འདྲ་བའི་གཤིས་ལུགས་འཛིན་ལ་སྟག་དང་འདྲ།།
ཆིག་སྒྲིལ་གསེར་གྱི་ཟམ་པ་དེ་ཉིད་རེ་ཞིག་ཆད་པའི་རྣམ་པ་འདི།།
དགུང་གི་ཉི་མ་མུན་པས་སྒྲིབ་ཅིང་རེ་ཟད་ཐ་གུ་ལྷོད་འདྲ་ཡང་།།
དེ་ནི་ཟླ་བ་གཟའ་ཡིས་བཟུང་བའི་དཔེ་དང་འདྲ་བ་ཤེས་གྱུར་ཚེ།།
སེམས་ཀྱི་གཏིང་གི་ཡིད་ཆེས་མེ་དཔུང་མེ་རུ་བཞིན་དུ་འཕྱར་འདི་སྤྲོ།།
ཆོལ་ག་ཞེས་པའི་མིང་བྱང་བླ་བཏགས་རྣ་བར་སྙན་པའི་གནས་མིན་མོད།།
ཞེན་ཆགས་བློ་ཡི་རྙི་ལ་ཤོར་བའི་རི་དྭགས་ཉམ་ཆུང་སྙིང་རེ་རྗེ།།
རིག་པའི་མདའ་ཡིས་གསོད་པར་བརྩོན་ཚེ་བློ་དམན་བདག་འདྲའི་བྱིས་པ་དག།
སྙིང་མེད་བླ་འདར་ཚུགས་ཀ་དེ་ཉིད་མིག་ལ་ལྷུང་དུས་ཞེ་རེ་སྡུག།
ཡག་དང་སྡུག་གི་འཁོར་བ་བཙན་པོ་ལས་དང་རྒྱུ་འབྲས་ཉིད་ལས་ནི།།
གྲུབ་པ་དེ་ལ་ཞེ་རེ་སྨྲེང་ཡང་ཅི་ཞིག་སྒྲུབ་ལ་སྟོབས་མེད་པས།།
ཆོས་ཉིད་བཙན་པོ་དཔང་ལ་བཞག་ནས་རང་སེམས་གཙང་མའི་ཁ་གཡང་ཞིག།།
བོད་པ་ཚང་གི་བདེ་སྐྱིད་སྒོ་མོ་གཏན་དུ་འབྱེད་པའི་བཀྲ་ཤིས་ཤོག།
འདྲེ་རྐང་འཇིབ་ཀྱིས།
2025/2/6ཉིན་ཡོ་རོབ་ནས།