Back To Top

ནམ་མ་གསལ་གོང་།

འདྲེ་རྐང་འཇིབ་ཀྱིས།

བཀླགས་གྲངས། 521

ནམ་མ་གསལ་གོང
ང་གློ་བུར་དུ་གཉིད་ལས་སད་བྱུང
སེམས་འཚབ་དང་དངངས་སྐྲག་ཁྲོད
རྔུལ་ནག་དང་དབུགས་རིང་ཁྲོད


སུ་ཞིག་གི་འབོད་སྒྲ་ཡིན
འགན་འཁྲི་ཡི་གོ་ཁྲབ་བསྣམས་ནས
ཁུ་ཚུར་གནམ་ལ་བཏེགས་ཏེ་མདུན་ལ་མཆོང
མེ་ལྕེ་ལྟ་བུའི་ངར་ཤུགས
འཚུབ་རླུང་ལྟ་བུའི་སྡང་ཟིག

མི་ཚོགས་ཀྱི་མིག་ཟུང་བགྲད་ཅིང
འུར་ཟིང་གིས་གནམ་ས་བཀད

མི་ཚོགས་ནི་ཆུ་མོ་བཞིན
སྲང་ལམ་དང་སྲང་ལམ་ཁྲོད་ཤུགས་ཀྱིས་བཞུར
འདི་ནི་རྨི་ལམ་ཞིག་དང་ཡེ་ནས་མི་འདྲ
གློག་བརྙན་ཞིག་དང་ཡང་གཏན་ནས་མི་འདྲ

མི་ཚོགས་ཀྱི་དད་འདུན་ཁྲོད་ཀྱི་གསེར་གནག་གི་ཕོ་བྲང་མདུན་དུ
ལོ་རྒྱུས་ཀྱི་མེ་ལྕེ་དེ་དགུང་ལ་དྲག་ཏུ་མཆེད་པར་བཅུག
མཁའ་རུ་འཇའ་ཚོན་གྱིས་སྐོར་བའི་ཉི་ཟླ་ཟུང་ལ་ཕྱག་སྐོར་མཛད
བརྗིད་ཉམས་ཀྱིས་ཁེངས་པའི་གནས་མཆོག་དེ
སུ་ཞིག་གིས་དཀྲུག་འགྲོ་བའི་སེམས་པ་དེས
ང་གློ་བུར་དུ་གཉིད་སད་པར་བཅུག

ཡིག་འབྲི་འདི་དག་གིས་འཁུར་བའི་སེམས་ཀྱི་གདུང་བ་ཡ
ཕྱི་རོལ་གྱི་ལྷིང་འཇགས་ལ་ངོ་ཚ་ཞིག་གཏོད་མ་ཐུབ་ཚེ
སྐར་ཚོགས་ཀྱི་ཚོམ་བུ་དང་ཚོམ་བུ་དེ་དག
ཅི་ཞིག་གིས་མཁྱུད་མིད་བཏང་ཟིན་པ་ལྟར་མཐོང་ས་རུ་མི་འདུག
ནགས་ཚུབས་སེ་གཅིག་དང་ནགས་ཚུབས་སེ་གཉིས
འདི་ལྟར་རེ་རེ་བཞིན་མེད་པར་གྱུར་ཚེ
ང་ཚོས་རྨི་ལམ་ངོ་མ་ཞིག་ལ་འཐེན་པ་ལས་མེད་པ་འདྲ

25/3/25  

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།