Back To Top

བསྲུང་གྱུར་ཚེ།

འདྲེ་རྐང་འཇིབ་ཀྱིས།

བཀླགས་གྲངས། 536

ལས་ཀྱི་རྟ་ཕོའི་གོམས་འགྲོས་མ་ལེགས་ཚེ།།
འགྲོ་ལམ་བདེ་ཡང་བང་གིས་གཅོད་མིན་ན།།
ལེགས་ཚོགས་ཀུན་གྱི་རྩ་བ་དགེ་སེམས་དེ།།
རྟག་ཏུ་བསྐྱེད་པར་བགྱི་བ་མ་བརྗེད་ཨང་།།

ལ་ལའི་ལས་ཀྱི་རི་མོར་བཀྲག་མདངས་ཆེ།།
ལ་ལའི་ལས་ཀྱི་ནམ་མཁའ་ཐལ་གྱི་མདོག།
ལ་ལའི་ལས་ཀྱི་སྐར་ཚོགས་འོད་ཆེན་པོ།།
དུས་དང་དུས་མིན་ཀུན་ཏུ་སྤྲིན་གྱིས་སྒྲིབ།།

ལས་ནི་བསྐྱེད་པར་ཚུལ་ཁྲིམས་གསེར་གྱི་སྡོང་།།
ལེགས་པར་བསྲུང་ལ་བཙུན་པའི་ཀུན་སྤྱོད་ཀྱི།།
ཆུ་དང་ལུད་ནི་མ་ཆད་བླུག་གྱུར་ན།།
ལས་ཀྱི་ལམ་ལ་འགྱུར་བའི་སྐལ་འབྱུང་ངོ་།།

ལེགས་པའི་ལས་ལས་འབྲས་བུ་སྨིན་གྱུར་ན།།
དགའ་དང་སྤྲོ་བའི་འུར་ཆ་ད་ར་ར།།
སྡུག་པའི་ལས་ལས་འབྲས་བུ་སྡུག་བྱུང་ཚེ།།
སྐྱོ་བའི་སྨྲེ་སྔགས་འབྱིན་ལ་ཨ་ལ་ལ།

དེ་བས་གང་ཞིག་བསྲུང་ལ་འབད་གྱུར་ན།།
འདོད་པའི་ལེགས་ཚོགས་གཅིག་ཏུ་བསྡུས་འགྱུར་ཞིང་།།
དཔལ་དང་ལོངས་སྤྱོད་ཡར་ངོའི་ཟླ་བཞིན་དུ།།
འཕེལ་བའི་བཀྲ་ཤིས་རླུང་རྟའི་དཔལ་འབར་རོ།།

ཅི་ཞིག་བསྲུང་དང་གང་གིས་བསྲུང་།།
དེ་ལ་གོལ་བ་མི་འབྱུང་ཆེད།།
བདག་གིས་ཅི་ཞིག་སེམས་པ་དེ།།
དྲང་བོར་བཤད་ལ་བརྩོན་པར་བྱ།།

རང་ཁ་གསེར་གྱི་སྒོ་མོ་དེ།།
རང་སྲོག་གཅོད་པའི་སྟ་རེས་ཞེས།།
ཁ་ལ་བདག་པོ་བརྒྱག་རྒྱུ་དེ།།
རང་ཉིད་བསྲུང་བའི་གོ་ཆ་འོ།།

ཁ་ནས་སྙན་པའི་གཏམ་སྨྲ་ཞིང་།།
གཏམ་དེ་དོན་གྱིས་བཅིངས་པར་མཛོད།།
གཞན་ལ་ཕན་པའི་ཚིག་བྱུང་ན།།
དགེ་ལེགས་མྱུར་དུ་སྨིན་འགྱུར་རོ།།

ལུས་ནི་གུས་པའི་རྣམ་པ་ཅན།།
རྡུང་དང་བརྡེག་སོགས་བྱ་སྤྱོད་དེ།།
མྱུར་དུ་སྤོང་བར་བརྩོན་པར་འོས།།
དེས་ན་བདེ་བ་མྱང་བར་འགྱུར།།

བསད་དང་བཏུབ་པའི་སྦྱོར་བ་ནི།།
འཚེ་བའི་སྤྱོད་པ་འབའ་ཞིག་གོ།
དེ་བས་བདེ་བ་མྱང་འདོད་ཚེ།།
རྟག་ཏུ་ཀུན་པོར་གུས་པར་མཛོད།།

སེམས་ནི་གནོད་སེམས་ཀྱིས་བཅིངས་ཚེ།།
དགེ་བ་འཇོམས་པའི་འགོང་བོ་སྟེ།།
ཚེ་འདི་དང་ནི་ཕྱི་མ་ལ།།
ལེགས་པའི་དོན་གང་འགྲུབ་པར་དཀོན།།

སེམས་ནི་དགེ་སེམས་ཕྱོགས་སུ་བརྩོན།།
བདག་གཞན་བརྗེ་བར་མི་བཏུབ་ཅིང་།།
གཞན་ལ་གནོད་པའི་སེམས་སྡོམ་ལ།།
བྱམས་དང་བརྩེ་བས་སྐྱོང་བར་འབུངས།།

འདྲེ་རྐང་འཇིབ་ཀྱིས།    2026/3/27 ཉིན།

2025-03-28 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།