བཀླགས་གྲངས། 944
ལུགས་ལྡོག་གིས།
མདང་དགོང་ཉལ་ཁར་གཅིན་སྐྱག་གཏོང་བར་རྩྭ་ཐང་དུ་འགྲོ་སྐབས་སུ། ལམ་ཁ་ནས་ཟླ་བ་ནི་ཉེ་འཁྲིས་སུ་སླེབ་ཡོད་པའི་ཚོར་སྣང་སྐྱེས། ཐ་མག་ལ་མེ་བསྒོས་ཏེ་སྣ་གླུ་ལེན་ཞོར་དུ་ས་འབུར་ཞིག་གི་སྒང་ལ་ཡུད་ཙམ་བསྡད་པ་ན། ཟླ་བ་སྔར་ལས་ཉེ་བར་བཅར་ཏེ་ང་རང་གྲང་འདར་རྒྱག་ཏུ་བཅུག་སོང་བས། འཚིག་པ་གཏིང་ནས་ཟོས་ཏེ་མཆིལ་མ་བཏབ་པ་ཡིན། ཡིན་ཡང་། ཟླ་བའི་འོད་མདངས་ཀྱིས་ངའི་མིག་ཟུང་ནག་འཐོམ་མེར་བཏང་སྟེ་ཅི་ཡང་མི་རིག་པར་གྱུར། ད་ནི་ང་རང་ལ་ནུས་པ་ཅི་ཡོད་གདོན་དགོས་སྙམ་ཡང་གངས་རི་ལྟར་དཀར་བའི་ཟླ་བའི་གཟི་མདངས་མ་བཟོད།
ཉེ་འཁྲིས་ཀྱི་ཆུ་ཕྲན་བཏུངས་ཏེ་ཟླ་བའི་སྟེང་དུ་ཧོབ་ཀྱིས་མཆོངས་ནས། བྱིས་པ་ཡིན་དུས་ཁ་བའི་ནང་དུ་གཅིན་པས་གཡུང་དྲུང་འབྲི་བ་ལྟར། ཟླ་བའི་ངོས་སུ་གཅིན་པས་རི་མོ་འབྲི་དུས་ཟླ་བའི་རང་མདངས་ཉམས་འགོ་ཚུགས། རི་མོ་ཅི་ཞིག་བྲི་དགོས་པ་མ་ངེས་ཀྱང་ད་ལོའི་ལོ་རྟགས་ནི་ཡོས་བུ་ཡིན་པས་དེ་དང་མཚུངས་པའི་རི་མོ་བྲི་འདོད་སྐྱེས་ནས། གཅིན་པས་རི་བོང་གི་གཟུགས་བརྙན་ཞིག་འབྲི་བཞིན་ཡོད་དུས་ཟླ་བ་བྲོས་ནས་རི་བོང་གི་མིག་དང་ཁ་སྤུ་སོགས་གསལ་པོ་ཞིག་མ་བྱུང་།
ཁ་སང་ངེད་ཅག་གིས་ཨ་རག་དང་ཇ་དྭངས་བཏུངས་པ་མངས་དྲགས་པས་གཅིན་པ་གར་བོ་དེ་ཟླ་བའི་ངོས་སུ་ཐིམས། ཟླ་བ་ཕམ་དུ་བཅུག་པ་ནི་སྟེས་དབང་ཡིན་པ་ལས་བདག་གི་ཀུན་སློང་ངན་པ་མིན་མོད། འོན་ཀྱང་། དེ་རིང་ཟླ་བའི་བཟའ་ཟླ་ཉི་མ་ཁོང་ཁྲོ་གཏིང་ནས་ལངས་ཏེ་ངའི་འགྲོ་ལམ་བཀག་པ་མ་ཟད། ངའི་ལུས་པོ་ཡོངས་རྫོགས་རྔུལ་ཆུར་བསྒྱུར་ཏེ་གནོན་ཤུགས་སྤྲད་ཀྱང་། ངས་ཟླ་བ་ལ་དགོངས་དག་ཞུ་རྒྱུའི་ཁས་ལེན་གཏན་ནས་བྱས་མེད། ལ་ལས་གླེན་རྟགས་རེད་ཟེར་བ་དང་ལ་ལས་ཕོ་རབ་རེད་ཟེར་སྲིད། གང་ལྟར་ཡང་། ངས་ནི་གཞན་གྱིས་ང་ལ་བསྟོད་སྨད་དང་གཞོགས་འདེགས་བྱེད་པར་དམིགས་ཡུལ་བཟུང་མ་མྱོང་།
ཧ་ཧ་ཧ་ཡ་མཚན། ཉི་མ་ཟླ་མཚན་བབས་ཏེ་སྤྲིན་པའི་གསང་སྤྱོད་དུ་འགྲོ་དགོས་བྱུང་སྟེ་ང་རང་མགྱོགས་མྱུར་གྱིས་ལམ་ལ་ཆས་ཏེ། སྤྱི་སྤྱོད་རླངས་འཁོར་ཆག་རོ་ཞིག་ལ་བསྡད་དེ་རི་ལུང་ཤོད་གསུམ་བརྒལ་ནས་གྲོང་གསེབ་ཅིག་ཏུ་བབས་པ་ན། གླང་རྒན་ཞིག་གིས་སྐྱུག་ལྡད་བྱེད་བཞིན་དུ་ཁྱོད་གང་ནས་ཡོང་བ་ཡིན། དོ་ཞག་འགག་འཕྲང་ཚང་མ་བསྐྱར་གསོ་བྱས་ཟིན་པ་རེད་དམ་ཞེས་སྐད་གདངས་སྦོམ་པོས་དྲིས། ངས་གླང་རྒན་ལ་ལན་འདེབས་བྱེད་རན་དུས་ཉི་མའི་ཟླ་མཚན་ཆར་ཆུར་འདྲེས་ཏེ་ངའི་གྱོན་ཆས་ཚང་མ་སྦངས་སོང་། དེ་ནས་ལུང་ཆུས་ལུས་ཁྲུས་ཡིད་ཚིམས་པ་ཞིག་བྱས་ནས་ཉལ་ས་རུ་ལོག
དྲྭ་ལམ་ཁག་ཏུ་རཱ་ཤི་ཡ་དང་ཨ་རི། རྒྱ་དཀར་ནག་བཅས་ཟླ་བའི་སྟེང་དུ་བསྐྱོད་ཟིན་པའི་གསར་འགྱུར་གྱིས་ཁྱེད་ཅག་ཡ་མཚན་ན། ངས་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ཟླ་བའི་ངོས་ཀྱི་རི་བོང་བྲིས་ཟིན། འབྲི་བྱེད་ནི་གཅིན་པ་ཡིན་ལ་འབྲི་འདོད་ཀྱི་ཀུན་སློང་ནི་མ་ངེས་པ་ཞིག་སྟེ། དྲང་མོ་བཤད་ན་ང་དང་ཉི་མའི་བར་དུ་འཁོན་སེམས་ཕྲན་བུ་ཡོད། ཡིན་ནའང་། རང་བྱུང་ཁམས་ཀྱི་གཏམ་རྒྱུད་ཁྱེད་ཅག་གི་ཡིད་ལ་ཤོང་དཀའ་བས་བཤད་ཀྱང་ཕན་པ་མེད། བདེན་པ་ཡིན་མིན་དཔྱད་པ་བྱ་འདོད་ན། དང་པོར་རང་རང་གི་གཅིན་པ་ཉུང་ངུ་རེ་ཐུངས་དང་དེ་ནས་གནས་ལུགས་ཤིག་རྟོགས་རྒྱུ་ཡོད།
༢༠༢༣/༨/༣༡




