བཀླགས་གྲངས། 990
རྨི་ལམ་གྱི་གཙང་བོ།
—ལུགས་ལྡོག
བདག་གི་རྨི་ལམ་གྱི་གཙང་བོ་འཛད་མེད་དུ་བཞུར་གྱིན།
འཚོ་བའི་ཁྲོད་ཀྱི་བྱ་དངོས་ཙག་ཙིག་རྣམས་སྣང་མེད་བྱས་ཏེ། རྒྱང་རིང་གི་རྒྱ་མཚོར་བསྐྱོད་པའི་རླབས་ཀྱི་ངར་ཤུགས། མིག་སེར་ཅན་གྱི་ཡིད་ལ་མི་འབབ་པ་བདེན་ཡང་ཐབས་ཀྱིས་དབེན། རི་ལུང་གི་གྲོག་ཤུར་རེ་རེ་ནས་མཐོ་དམན་གྱིས་བཞུར་བ་ནི་རང་བཞིན་ཡིན་པས་ནོར་འཁྲུལ་དུ་བརྩིས་ན་ག་ལ་འགྲིག། འཇིག་རྟེན་ཁམས་ཆེན་མོའི་བར་སྣང་ནས་རླབས་རྒྱུན་གྱི་འཕྱོ་སྟངས་ལ་ཚད་འཛིན་མ་བྱས་པའི་དབང་གིས། མཚམས་རེར་རི་རབ་ཀྱི་རྩེ་ནས་བཞུར་ཞིང་ཉི་ཟླའི་འཇིག་རྟེན་ལ་འཇིགས་སྣང་བསྐུལ་བ་བགྲང་བས་མི་ལང་། མཚན་ལྗོངས་ཀྱི་སྨག་རུམ་ནས་རྨི་ལམ་དྲག་ཏུ་འཁྲུགས་ཏེ་གནམ་ས་གཉིས་ཆ་ལང་རྡེབ་རྡེབ་བྱེད་དུས། སྐར་ཚོགས་ནི་བྱིས་པ་དམར་འབྱར་མ་ལྟར་དུ་འདར་ཞིང་ངུ་བའི་ལས་སུ་ལུས་ནས། འབྱུང་བ་རླུང་གིས་མགྱོགས་འགྲོས་རྟ་མཆོག་ཅང་ཤེས་ལ་བཅིངས་ཏེ་རྩི་ཤིང་ཡོད་དོ་ཅོག་གི་གོང་བ་ནས་འཇུས་ཤིང་སྒུལ་བ་སྟེ། ཁྱོད་ཀྱི་རྨི་ལམ་གྱི་གཙང་པོའི་བཞུར་རྒྱུན་སྤྱིར་བཏང་ལས་མི་ལྡོག་པའི་རེ་བ་ཞུ་རུ་ཡོང་བ་ཡིན་ཞེས་དྲི་ཞིམ་སྣ་ཚོགས་ལེགས་སྐྱེས་སུ་འབུལ་དུས། ས་གཞི་ཆེན་པོས་ཀྱང་ངོ་སྐལ་གནང་རོགས་ཞེེས་སྒམ་བརླིང་གི་རང་བཞིན་དོར་ཏེ་སྤུན་མཆེད་ཆུ་བོ་ལགས་ལབ་པ་ན། རྨི་ལམ་གྱི་གཙང་བོ་ལྷོད་ཅིང་འཇགས་ལ་དལ་ཞིང་མགྱོགས་པའི་ཚུལ་གྱིས་ཐུར་ནས་ཐུར་དུ་གཞོལ།
བཞུད་ལམ་གྱི་སྒང་གཤོངས་དང་ལ་ཐུར་ནི་འཇིགས་པའི་གནས་ཤིག་མིན་ནའང་། དུས་ཚོད་ཀྱི་ཁོམ་ལོང་དང་རིན་ཐང་གི་ལྕི་ཡང་ལ་གཞལ་དགོས་པས། སྟོབས་ཤུགས་དང་ང་རྒྱལ་ཟུང་དུ་སྦྲེལ་ནས་རྒྱང་བསྐྱོད་ཀྱི་སྤོབས་པ་མཁའ་རུ་བཏེགས་ཏེ་བཞུར། ཡིན་ནའང་། ལྟོས་མེད་ཆིག་རྐྱང་གི་བྱ་དངོས་ཤིག་ཡེ་ནས་མ་གྲུབ་པས་རྨི་ལམ་གྱི་གཙང་བོར་རམ་འདེགས་མཁོ་བ་སྨོས་ཅི་དགོས། ངལ་བ་དང་སུན་པའི་སྣང་བ་སྐྱེས་དུས་མདུན་ལྗོངས་ཀྱི་གད་སྙིགས་དང་འབག་བཙོག་གཙང་སེལ་བྱེད་ལོང་མ་བྱུང་བས། ཆགས་སྡང་གི་མེ་རླུང་འཚུབ་མ་སྐད་ཅིག་ཉིད་ལ་མངགས་ཏེ་བསྲེགས་ཤིང་གཞོབ་དུས་ཤུལ་དུ་ལུས་པ་ནི་དྲི་ངན་ཙམ་ལས་མ་མཆིས། བྱ་དངོས་གཞན་དག་གི་རང་བཞིན་ཁྱད་ཆོས་མི་མཚུངས་པས་མཚམས་རེར་ངར་ཤུགས་ཀྱིས་བགྲོད་པ་དང་། སྐབས་རེར་ཁེངས་སྐྱུང་གི་ཚུལ་གྱིས་བཞུར་བ་ན་ཡོང་ཁུངས་འགྲོ་ཡུལ་གཞན་གྱིས་རྟོགས་དཀའ་བར་གྱུར།
༢༠༢༣/༡༡/༢༨