Back To Top

གནས་ལུགས་ཤིག་ར་འཕྲོད་པའི་ཆེད་དུ་རྫུན་ཞིག་བཤད།

བཀླགས་གྲངས། 1137

ལུགས་ལྡོག་གིས།

ང་རང་ལ་མངལ་ཆགས་ནས་བཟུང་སེམས་པ་ལྷོད་ལ་འབབ་པའི་དུས་ཤིག་ཡོད་མ་མྱོང་། ལོ་སྔོན་མར་བསམ་བཞིན་ཡིན་ལ་བསམ་བཞིན་པའང་མ་ཡིན་པའི་བར་ནས། ཕོ་གསར་ཞིག་དང་མཉམ་དུ་ལུས་འབྲེལ་བྱུང་ནས་ཟླ་བ་ཁ་ཤས་སོང་། དྲང་མོ་བཤད་ན་གཞོན་པའི་ལང་ཚོ་དར་དུས་འདོད་པས་མྱོས་པ་མ་གཏོགས། ཕྲུ་གུ་བཙའ་བའི་འདོད་འདུན་མེད་ཅིང་མི་རིགས་འཕེལ་རྒྱས་ལ་ནི་དེ་བས་ཀྱང་ཀུན་སློང་བཟང་པོ་བཟུང་མེད། འོན་ཀྱང་། བདག་ལུས་སུ་མངལ་སྦྲུམ་པ་ནས་རང་ཉིད་ཀྱང་ཨ་མ་ཞིག་ཡིན་སྙམ་པ་ལས་གཞོན་པའི་སྣང་མ་མི་འདུག དུས་དེ་ནས་བཟུང་། འགན་ཁུར་ལྕི་ཞིང་ཡིད་སེམས་ལ་བདེ་བ་ཞིག་འབྱུང་ཐབས་མ་མཆིས། རེད་དེ། མི་འདོད་ཐོག་བབ་ཀྱི་འབྲས་བུ་ནི་རང་གིས་བསྒྲུབས་པ་ཡིན་པས། མི་ཁ་དང་གླེང་ཕྱོགས་མང་བ་ཤེས་ཀྱང་ཕྲུ་གུ་མེད་པར་བྱ་བའི་ལས་མ་བརྩམས་པ་ཡིན། དེ་ནི་རང་འགན་རང་གིས་ཁུར་བའི་སྤོབས་པ་ཡིན་ལ་རང་གིས་རང་ལ་སེམས་གསོ་བྱས་པའང་ཡིན།
གཞོན་པའི་སྣང་བ་ཉིན་རེ་བཞིན་ཡལ་ཞིང་ལྟོ་བ་ཇེ་འབུར་དུ་ཡོང་དུས་ཀྱི་ཉིན་མཚན་ནི། སྔར་དང་ཡེ་ནས་མི་མཚུངས་པ་སྟེ་ཉིན་ཞག་ཕྲུགས་གཅིག་གི་དུས་ཡུན་དེ། གཟའ་འཁོར་འགའམ་ཟླ་བ་གཅིག་ཙམ་གྱི་རིང་ཚད་ལྟ་བུར་ཚོར། བཟའ་བཏུང་གང་དེ་འོས་མིན་དང་ཉེ་འཁོར་གྱི་མི་ཚོའི་ལབ་གླེང་གི་བར་ནས་རང་ཉིད་རྒས་ཤིང་འཁོགས་པར་གྱུར། ཡིན་ཡང་། དེ་ནི་འཇིག་རྟེན་གྱི་གྲུབ་ཆ་ཞིག་ཡིན་པ་དང་ཕྱེད་ཆ་ཙམ་རང་སེམས་ཀྱིས་སྒྲོ་བཏགས་པ་རེད་སྙམ། ཁེར་ལབ་དང་ཤུགས་རིང་གིས་གནས་སྐབས་གནས་སྐབས་ཀྱི་སྐྱོ་བ་སང་དུ་བཅུག་ཐུབ་པས། ཉི་མ་ནུབ་ཁའི་འཇིག་རྟེན་དང་མཚན་མོའི་ལྷིང་འཇགས་ཀྱི་ཁོར་ཡུག་ནས། ཁེར་ལབ་དམ་དུམ་དང་དབུགས་རིང་འཐེན་རྒྱུ་དེའང་གནས་སྐབས་ཀྱི་གདོང་ལེན་དུ་གྱུར།
ལུས་ཁམས་བདེ་ཞིང་སྣང་བ་མཐོ་དུས་རང་གི་འགྲམ་དུ་ལུས་ཀྱི་གྲིབ་མ་བཞིན་འགྲོག་པ་དེ། ད་ལྟར་རྫིང་བུར་རྡེའུ་འཕངས་པ་ལྟར་གོ་མེད་ཚོར་མེད་དུ་གྱུར་ཀྱང་། ཡིད་ཆད་དང་འཁང་ར་བྱས་པས་ཕན་འབྲས་བཟང་པོ་མི་ཡོང་བ་རང་གི་ཡིད་ལ་ཡོད། གཅིག་བྱས་ན་ལས་དབང་གིས་ལམ་ཁ་འདི་འདྲ་ཞིག་བདག་གི་སྟེང་དུ་བྲིས་པ་ཡིན་ཡང་སྲིད། ལས་དབང་ཞེས་པ་དེ་ཕྱོགས་གཅིག་ནས་བཙན་ཤུགས་ཆེ་བའི་སྒེར་གཅོད་པ་ཞིག་རེད་ལ། ཕྱོགས་གཅིག་ནས་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་ཁ་གཡར་སའམ་སེམས་གསོ་བྱེད་ཐབས་ཤིག་ཀྱང་རེད། ད་ནི་རང་གི་ལྟོ་བ་ཆེ་ཞིང་གྲིབ་གཟུགས་དེའང་སྔར་ལས་ལྡབ་འགྱུར་གྱིས་ཆེ་བར་སྣང་། རེད། ཨ་མ་ཞེས་པའི་འཇིག་རྟེན་ཁམས་ཀྱི་བྱམས་བརྩེ་ཅན་ཉིད་བཀའ་དྲིན་ཆེ་བ་ར་འཕྲོད་ཡོང་གི་འདུག

སྤྱིར་ན་རང་རེའི་རིག་གནས་གོམས་སྲོལ་དང་ཡ་རབས་སྤྱོད་བཟང་གང་གི་ཆ་ནས་ཨ་མ་ཞེས་པ་དེ་བརྩི་བཀུར་ཆེ་ལ། བུ་ཕྲུག་རང་རང་གི་ས་ནས་ཀྱང་ཨ་མར་མཐོང་ཆེན་བྱེད་པ་རེད། ཡིན་ཡང་། གོམས་སྲོལ་དང་འདུ་ཤེས་འཛིན་སྟངས་ཤིག་གིས་གནས་ལུགས་དངོས་དེ་རྟོགས་ཨེ་ཡོད་སྙམ། ལུས་ལ་མངལ་སྦྲུམ་པའི་བུ་མོ་ང་སྟེ་མ་འོངས་ཟླ་ཤས་རྗེས་ཀྱི་ཨ་མ་བདག་ལ་མཚོན་ན། ཨ་མ་ཞེས་པ་དེ་བཀའ་དྲིན་ཅན་དུ་སྒོམ་ཡོད་མོད། ཁ་སང་དེ་རིང་རང་ཉིད་སྦྲུམ་མ་ཡིན་དུས་ཨ་མའི་བཀའ་དྲིན་དངོས་དེ་ཚོར་ཞིང་། དཀའ་སྡུག་དང་བཟོད་སེམས། བྱམས་བརྩེས་བསྐྱངས་པ་དེ་རི་མོ་འབྲི་ཐུབ་པ་ཞིག་ཡིན་ན་ངས་འཇིག་རྟེན་སྐྱེ་འགྲོ་ཀུན་ལ་སྟོན་ངེས་ཡིན། འོན་ཀྱང་། སྐད་ཆ་འདི་འདྲ་བཤད་ན་དེང་སང་གི་དུས་རབས་འདིར་རང་ཉིད་གསལ་སྟོན་བྱེད་པ་ལྟ་བུ་ལས་ཕན་པ་ཨེ་ཡོད་མི་ཤེས། དེ་བས། རང་གི་ཤ་ཁྲག་ལས་གྲུབ་པའི་ཕྲུ་གུ་དེ་སློབ་གསོ་ཇི་ལྟ་བུ་ཞིག་བྱས་ན་དགའ། ད་ནི་གཞན་ལ་མིག་དཔེ་བལྟ་རྒྱུ་དེ་གནད་འགག་རེད་སྙམ། ཉམས་མྱོང་ཅན་གྱི་ཕ་མ་འགའ་རེས་བཤད་ན། ཕྲུ་གུ་མངལ་ན་ཡོད་དུས་ནས་བོད་རང་གི་སྐད་ཡིག་གོམས་སྲོལ་སོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེ་ཟེར། ཡང་བསམ་བློ་བ་དང་རྩོམ་པ་པོ་རེ་འགས་ནི་བྱིས་པ་ཡིན་དུས་ནས་ཤ་བཟའ་རྒྱུ་གོམས་མ་བཅུག་ན། ཆེན་པོ་ཆགས་དུས་ཤ་ཟོས་ན་འགྲིག་མིན་གྱི་རྩོད་གཞི་དེ་ཡོང་གི་མ་རེད་ཟེར། ཇ་ཁ་ཆང་ཁའི་ཁ་བརྡའི་བར་ནས་གོ་ཐོས་བྱུང་བ་ནི། ཕྲུ་གུ་དེ་ཕོ་མོ་གང་ཡིན་ལ་མ་ལྟོས་པར་ཆུང་དུས་དགོན་པར་བསྐྱལ་ན་བོད་མི་རྣམ་དག་ཅིག་ཡོང་གི་རེད་ཟེར། ཐ་མའི་ཐག་ཆོད་རང་གིས་བྱ་དགོས་ཀྱང་གཞན་དང་གླེང་མོལ་བྱས་ན་ཕན་པ་ཆེན་པོ་འདུག
དཔྱིད་ཟླ་རིང་མོ་འདི་ནི་སྦྲུམ་མ་ཞིག་ལ་མཚོན་ན་ཉི་མ་ཤིན་ཏུ་རིང་བའི་དུས་ཚོད་ཅིག་རེད་དེ། རང་ཉིད་ཨ་མ་ཇི་ལྟ་བུ་ཞིག་བྱ་རྒྱུ་དང་ཕྲུ་གུ་སྐྱོང་བའི་སློབ་གསོའི་ཐབས་ལམ་གང་འདྲ་ཞིག་བསྟེན་རྒྱུའི་བསམ་གཞིགས་ཀྱིས། དུས་ཚོད་ཇེ་ཐུང་དུ་གཏོང་བའི་ཚོར་སྣང་ཟབ་མོ་སྐྱེས་བཅུག་སོང་། འགོག་ཐབས་བྲལ་བའི་དུས་ཚོད་ཀྱིས་རང་ཉིད་རྒས་ཤིང་ཕྲུ་གུ་འཚར་བའི་འགལ་བ་ཞིག་གསལ་འདེབས་བྱས་ནས། འཁོར་བ་ཞེས་པའི་རང་བཞིན་དེ་བདག་གི་ལུས་ངག་ཡིད་གསུམ་དུ་གསལ་པོ་གསལ་རྐྱང་བྱུང་། བླ་མ་དཀོན་མཆོག་གིས་ངེད་མ་བུ་གཉིས་ལ་ཐུགས་བརྩེ་བས་གཡོ་ཟོལ་མེད་པར་གཟིགས། སྔོན་ཆད་སྣང་བ་མཐོ་ཞིང་སློབ་གྲྭར་ཡོད་དུས་ཤིག་ལ། རྫ་དཔལ་སྤྲུལ་དུ་འབོད་པ་ཞིག་གིས་བརྩམས་པའི་སྙིང་ཐིག་སྔོན་འགྲོ་ཡིན་ནམ། དཔེ་དེབ་ཅིག་གི་ནང་དུ་ཟླ་བ་གྲགས་པ་ཞེེས་པའི་གཏམ་རྒྱུད་ཅིག་བཤད་འདུག དེ་ནི་རྒྱ་གར་གྱི་གཏམ་རྒྱུད་ཅིག་ཡིན་ནམ་རྩོམ་པ་པོས་ཚེ་མི་རྟག་པའི་དཔེ་མཚོན་ལ་བརྩམས་པ་ཞིག་ཡིན། གང་ལྟར་རྒན་པོ་ཞིག་གིས་སློང་མོ་བྱས་འབྲས་སུ། ནས་སྒྲོ་གང་གསོག་པ་དེ་གནམ་ལ་བཏགས་པའི་འོག་ཏུ་ཉལ་ཏེ་ཆུང་མ་བླང་རྒྱུ་དང་། ཕྲུ་གུ་སྐྱེས་རྗེས་མིང་གདགས་རྒྱུར་བསམ་བློ་གཏོང་སྐབས་སུ། ནམ་མཁའ་ནས་ཟླ་བ་ཤར་བ་ན་ཕྲུ་གུའི་མིང་ལ་ཟླ་བ་གྲགས་པ་འདོགས་འདོད་སྐྱེས། དུས་དེར་གནམ་ལ་འདོགས་བྱེད་དེ་ཙི་གུས་ཟོས་ནས་སློང་ཟས་ཀྱིས་རྒན་པོ་བསད་ཚུལ་ཡོད། ང་ནི་དེ་ལྟ་བུའི་འཆར་སྣང་རབ་བཏགས་མ་མ་ཡིན་ཏེ། སྔོན་སོང་གི་ཀུན་སློང་བཟང་པོ་དང་འཆར་གཞི་མེད་ཀྱང་། ཆགས་པའི་དབང་དུ་གྱུར་པའི་བུ་མོ་སྦྲུམ་མ་དངོས་ཤིག་ཏུ་གྱུར། སྐྱིད་དུས་བདེ་དུས་ཡོད་ཚད་ཟ་གོན་བྱེད་འཇོག་དང་གལ་ཏེ་ཤི་སོང་ནའང་འགྱོད་པ་མེད་ཅེས་འུར་རྒྱག་མྱོང་། ཡིན་ཡང་། དེང་སྐབས་ནི་ད་དུང་ཡུན་རིང་དུ་འཚོ་ཞིང་གནས་རྒྱུ་མ་ཟད། ཁྱིམ་ཚང་དང་འགན་ཁུར་གྱིས་རིམ་པར་གནོན་ཡོང་གི་འདུག སྣང་བ་ནམ་མཁར་མི་ཤོང་བའི་ཕོ་རྐྱང་མོ་རྐྱང་ཚོས་ང་ལྟ་བུའི་ཁྱོ་ག་མེད་པའི་ཁེར་འདུག་མཐོང་དུས། ཁྱིམ་ཚང་མ་རེད་ཁྱིམ་ཚང་གི་མཚན་ཉིད་མི་འདུག་ཅེས་དམའ་འབེབས་མཐོང་ཆུང་བྱེད་སྲིད་ཀྱང་། “ངའང་ཁྱོད་ཚོ་ནང་བཞིན་ལོ་ཆུང་མྱོང་ལ། སྣང་བ་མཐོ་དུས་གཞན་ལ་འཕྱ་སྨོད་བྱས་པ་ཡིན། ཡིན་ཡང་། དུས་ཚོད་ཀྱི་སྔ་འཕྱི་མ་གཏོགས་ར་འཕྲོད་ཡོང་གི་རེད”ཅེས་ཆིག་ལབ་རྒྱག་ཞོར་དུ་བཟོད་སྒོམ་བྱ་རྒྱུ་ལས་ཅི་ཡོད།

ཚེ་མཇུག་རང་ས་རང་ཡུལ་ནས་བསྐྱལ་རྒྱུ་དང་གནས་གཞན་ཞིག་ནས་འཚོ་རྒྱུ་ནི་རང་སེམས་ཀྱི་གདམ་ག་ཡིན། མཚང་འབྲུ་དང་འཕྱ་སྨོད། དམའ་འབེབས་དང་ཁྱད་གསོད་སོགས་ལ་གདོང་གཏད་དེ་མ་བུ་གཉིས་རང་ས་རང་ཡུལ་ནས་བསྡད་དང་། ཡུལ་གཞན་ཞིག་ནས་འཚོ་བ་བསྐྱལ་རྒྱུ་གཉིས་རྣམ་པ་མི་འདྲ་ནའང་། དོན་གྱི་འབབ་ས་ནི་གཅིག་ཡིན་པ་འདྲ་འདྲ་རེད། དེང་སང་གི་དུས་འདིར་འཚོ་བའི་འགན་འཁུར་དང་མི་ཚེ་སྐྱེལ་བ་ལ་དཀའ་ཁག་ཡོད་པར་མི་སེམས། འོན་ཏེ། མི་ཚེའི་རིན་ཐང་དང་ཕྲུ་གའི་འདུན་ལམ་གྱི་རྩིས་ཐང་ནི། གཤིན་པོའི་བླ་བདེ་ཞིང་གསོན་པོའི་ཡིད་ཚིམ་པ་ཞིག་མ་ཡོང་ན། ཁྱི་དང་བྱི་ལ་ལས་ཞན་པའི་མི་ཞིག་གི་སྣང་བརྙན་རེད། དེ་མ་ཟད། འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོས་གླེངས་དང་གླེང་བཞིན་པའི་ཨ་མའི་བྱམས་བརྩེ་ཞེས་པ་དེ། བུད་མེད་ཚང་མའི་སྟེང་ན་ཡོད་པའི་འགན་འཁྲི་ཡིན་པར་བརྟེན། ཁ་གཡར་སའི་ཁག་འཁྲི་མ་བཙལ་ཅིང་དོན་གཡོལ་སའི་གཏམ་རྒྱུད་མི་བསྒྲིག་པར། བདེ་སྡུག་གང་ལ་འཕྲད་ཀྱང་རང་སེམས་ཀྱི་དམ་བཅའ་སྲོག་གིས་བསྲུང་རྒྱུ་ནི། སློབ་གསོ་ཕྲན་བུ་མྱོང་ཞིང་ཉམས་མྱོང་གིས་བསགས་པའི་རང་ཉིད་ངོ་མ་བོ་ཡིན། ད་ནི། གཉེན་ཉེ་འབྲེལ་ཚོས་སྣང་ཆུང་བྱས་པར་བསམ་ངན་མི་འཆང་ཞིང་། མ་ཁོག་གི་ཕྲུ་གུའི་ཕ་ལ་འཁང་ར་དང་བླ་བཙག་མི་བྱ། སུ་ཡིན་ནའང་རྒྱུ་མཚན་བདེན་རྫུན་གཉིས་ཡོད། དོན་དངོས་ཡིན་ན་ནི་ག་ལེར་མངོན་དུ་གྱུར་ཡོང་བ་དང་། རྫུན་ཤོད་མཁན་གྱིས་ནི་རྫུན་གྱི་སྟེང་དུ་རྫུན་གཏམ་ཡང་ཡང་བསྒྲིག་རྒྱུ་ལས་ཕན་པ་མེད། མི་ཁ་དང་བཤད་ཡམས་ལ་ནི་དེ་བས་ཀྱང་ཡ་ལན་བྱེད་འདོད་མེད། དགའ་དུས་བསྟོད་ཅིང་སུན་དུས་སྨད་པ་ནི་མི་ཕལ་ཆེ་བའི་གཤིས་རྒྱུད་ལ་གྲུབ་འདུག་པས། ཉི་མ་འཆར་མིན་དེ་ནི་ང་ཚོ་ལ་རང་དབང་ཡོད་པ་ཞིག་མིན། དུས་ནས་དུས་སུ་ང་ལ་སྐྱབས་བཅོལ་ཡུལ་ཞིག་ཡོད་པ་ནི། “ལས་དབང”ཞེས་པ་འདི་ཡིན་ལ་གང་བཤད་དང་དུ་ལེན་པའི་སྐྱོ་རོགས་སྙིང་རྗེ་མོ་ཞིག་ཏུ་བརྩི་བ་ཡིན།

མཚམས་འདིར་ཐོན་དུས་སྐད་ཆ་བཤད་མཚམས་འཇོག་རན་ལ་ཁེལ་སོང་བས། གོང་དུ་བཤད་པ་དག་ཁ་དན་ཚིག་ལ་གནས་མིན་གཟིགས་མཁན་རྣམས་ཀྱིས་གསན་གཟིགས་གནང་རྒྱུ་དང་། ཕྲུ་གུ་བཙས་རྗེས་སུ་སེམས་དཀར་བསམ་བཟང་གི་སྙན་ཚིག་རེ་གནང་བའི་རེ་བའམ། བྱིས་པ་ནར་སོན་དུས་བྱིས་སྒྲུང་སྙན་མོ་དང་དུས་རབས་ཀྱི་འགྲོས་དང་བསྟུན་པའི་ལམ་སྟོན་རེ་གནང་བར་འཚལ།

༢༠༢༡/༤/༡

2024-04-21 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།