Back To Top

སྨད་འཚོང་གི་ལས་དང་འབྲེལ་བའི་གཏམ།

བཀླགས་གྲངས། 1111

ལུགས་ལྡོག་གིས།

ན་མོ་བྷ་ག་ཡེ།
འགྲོ་ཀུན་སྐྱེད་པའི་སྟུ་མཚོའི་མེ་ལོང་དབུས།།
རི་རབ་དབྱིབས་ལྡན་བྱ་ལེའི་བང་རིམ་དུ།།
འོ་མའི་མཎྜལ་འབུལ་བའི་མཇེ་རྒོད་ཀུན།།
གུས་འདུད་ངང་ནས་དད་པའི་སོར་བཅུ་ཟུམ།།

རང་ཉིད་སྨད་འཚོང་མ་ཞིག་གི་ལུས་ཅན་དུ་གྱུར་བ་ནི་ཉམས་མྱོང་གི་ཕ་མཐར་སོན་པའི་གནད་དོན་ཞིག་ཡིན་པ་ལས་གནོང་འགྱོད་ཀྱི་སྐྱོ་སྣང་ཅི་ཡང་མ་མཆིས། འཇིག་རྟེན་ན་སྨད་འཚོང་མའམ་གཞང་འཚོང་མཁན་ཞེས་དམའ་འབེབས་དང་སྡིགས་དམོད་ཀྱི་རྐྱལ་བ་ཁུར་བའི་ང་ལ་མཚོན་ན་སུ་ཞིག་ལ་ཁྲོ་གཏམ་སྨྲ་བར་མི་འདོད། རང་ཉིད་ཀྱི་མིང་བྱང་བོར་ནས་ལས་ཀ་འདི་འདྲ་ལ་ཞུགས་ནས་བཟུང་སྟེ་གསེར་ཁྲི་སེར་པོའི་ཡང་སྟེང་ན་འགྱིང་བའི་སྤྲུལ་སྐུ་སྐུ་ཤ་འབྱོར་བོ་ཅན་དང་མཉམ་དུ་འདོད་པའི་སྒྱུ་རྩལ་ངོམ་མྱོང་ལ། ཐོབ་དང་གོ་སའི་མངའ་བདག་དཔོན་པོ་དང་འགོ་འཁྲིད་ཀྱི་བྲང་སྟེང་ནས་བྲོ་གར་འཁྲབ་མྱོང་། དངུལ་ལོའི་བམ་ཁ་སྲབ་པའི་གསར་བུ་འདོད་ལྡན་ཚོའི་འོག་ནས་ངལ་བ་བྱས་པ་ཡིན། རང་གཞན་གཉིས་ལ་དགོས་མཁོའི་བདེ་སྣང་གི་ཞབས་ཞུ་བའི་ངལ་བ་ལ་འཕྱ་སྨོད་དང་ཟུར་ཟ་ཅི་ཙམ་བགྱིས་པ་ལ་ཡ་ལན་སློག་འདོད་ཅིག་ཁྱོད་ནས་མ་བྱུང་། དམིགས་ཡུལ་ངེས་ཅན་ཞིག་བདམས་པའི་རྗེས་སུ་འཇིག་རྟེན་མི་ཁ་ལ་སྐྲག་པའི་ཚབས་སྣང་དེ་ཁོ་མོ་ལ་ཡོད་དོན་མེད། ལོ་ཟླ་ཆུ་ཡི་གཉེར་རིས་བཞིན་འདས་པའི་ཁ་སང་དེ་རིང་ཕྱིར་མིག་ཅིག་འཕངས་ན་འཁོར་བ་འདིའི་གཞིས་ཁྱོན་ན་ཕོ་མོ་ཀུན་ཀྱིས་འདོད་ཀྱང་ལག་ལེན་དུ་མི་འཁྱོལ་བའི་བདེ་བ་གང་དེ་རང་ལ་ཐོབ་འདུག་ལ། དཔལ་འབྱོར་བང་འགྲན་གྱི་བར་ན་ཕྲག་དོག་གིས་བསགས་པའི་རྒྱུ་ནོར་དང་མི་མཚུངས་པའི་དངུལ་ལོའི་གྲངས་ཀ་མི་ཉུང་བ་ཞིག་འདོད་བདེ་གཉིས་ཕན་གྱི་ལམ་ནས་རང་གིས་རྙེད་ཡོད།
དེ་ལྟར་སྐད་ཆ་བཤད་པ་ན་མགོ་སྟོང་མ་གཞང་འཚོང་མ་ཞིག་གི་ཧམ་པ་ཆེ་བ་ལ་ངོ་ཚ་མེད་པའི་གཏམ་ཟེར་ནས་ང་ལ་དམོད་མོ་བྱེད་པ་ངས་སྔོན་ནས་ཤེས། འོན་ཀྱང་། ང་ནི་གོམས་ལོབས་སུ་སོང་བས་ཡིན་ནམ་འཚིག་པ་བཟའ་རྒྱུ་ལས་གད་མོ་ཞིག་འཆོར་ན་འདོད། བུད་མེད་ཀྱི་ལུས་མི་གཙང་བ་ཡིན་ཚུལ་བསྙད་པའི་དམར་སེར་ངུར་སྨྲིག་གི་བཙུན་པ་ཚོའི་གྲལ་འགོ་ན་སྨིན་མ་ཟིང་ཟིང་གིས་འགྲོ་དོན་མཛད་མཁན་མང་པོ་ཞིག་གི་ཟུངས་ཁྲག་གི་དྭངས་མའི་ཐིལ་ལེ་ངའི་བརླ་བར་ནུ་ཟུང་ལས་བརྡོལ་མྱོང་བ་དང་། སྐྱེ་བོ་དར་མ་ཚོ་ལ་རྡུག་རྡེག་བྱེད་པའི་གླ་ཟས་ཟ་མཁན་གྱི་སྤྱི་བདེ་མི་སྣ་དང་འགོ་དཔོན་ཐམ་ཀ་ཅན་དག་གི་རྭ་ལྟར་གྱོང་བའི་ཕོ་མཚན་གྱི་ངར་ཤུགས་སྨད་འཚོང་མ་ངའི་བཤང་ལམ་དང་མོ་མཚན་ལས་ཉམས་མ་མྱོང་བ་ཞིག་མིན། དེས་ན་ང་ནི་སུ་ཞིག་གིས་སྡང་ཡང་ཁྲོ་དགོས་དོན་མེད་ལ་སུ་ཞིག་ལའང་བསམ་ངན་སྦྱོར་རྩུབ་བྱ་འདོད་མེད། ད་བར་དུ་རང་ལུས་གཙང་དག་ཅིག་གིས་ཞབས་ཞུ་ལ་རོལ་ནས་འདོད་པའི་སྒྱུ་རྩལ་གྱིས་སྦྱིན་བདག་དབུལ་ཕྱུག་ཁྱད་མེད་ལ་སྤྲོ་སྣང་སྦྱིན་པར་གཞོལ་བ་ཡིན། རང་ལ་དགོས་པ་ཉིད་ཐོབ་པ་ཁོ་ན་མ་ཡིན་པར་གཞན་ཕ་རོལ་བོའི་འདོད་དོན་ལ་ལྷག་བསམ་གཙང་མས་འབད་འབུངས་བྱས་པ་ཡིན།
གྲོང་ཁྱེར་དང་གྲོང་ཁྱེར་བརྒྱུད་ནས་ཡོང་བའི་སྨད་འཚོང་མ་ང་ནི་འཇིག་རྟེན་འཚོ་བའི་ཤེས་བྱ་ལ་ནུབ་ཀྱི་འབུམ་རམས་པ་ཞིག་ལས་ཉམས་མྱོང་གི་སྤོབས་པ་མཐོ་ལ་འདོད་ཁམས་ཀྱི་སྒྱུ་རྩལ་ལ་རྟོགས་པ་མཐོ་བར་བསྙེགས་ནས་ཡོད། བླ་ཆེན་སྤྲུལ་ཆེན་གྱི་མཚན་སྙན་ཁུར་བའི་རྒྱ་བླ་ཚོན་པོ་མང་དག་ཅིག་དང་བཙན་སྐད་ཀྱིས་འབངས་མི་དབང་དུ་བསྡུ་བའི་དབང་ཅན་དཔོན་ཆེན་དང་ལས་བྱེད་རུལ་སུངས་པ་གྲངས་མེད་ཀྱི་གསང་བ་ཞག་གཅིག་གི་རྨི་ལམ་དུ་རོལ་མྱོང་། མཚན་མོའི་མགྲོན་པོའམ་འདོད་པའི་སྦྱིན་བདག་དེ་དག་གིས་ངའི་སྟུ་སྒོ་ནས་དཔའ་སྐད་ཆེན་པོ་བསྒྲགས་པ་མི་དྲན་ལ་བུད་མེད་ཀྱི་ལུས་ཕུང་མི་གཙང་བའི་དུར་ཁྲོད་ཡིན་ཚུལ་ཡང་གསུང་མཁན་ཡང་མ་མཆིས་པས་ངེད་ཅག་འདྲ་མཉམ་དུ་སེམས། འདོད་པའི་རང་དབང་ལ་མོས་པ་ཆེ་བའི་རང་གཞན་གཉིས་པོས་ཕན་ཚུན་ལ་རྟ་ཕོ་བཞོན་བཞོན་བྱས་པའི་བརྒྱུད་རིམ་དེ་ཡིད་ལ་འཆར་དུས་ང་ཆེ་ཁྱོད་དམན་གྱི་གོ་རིམ་ཞིག་ཡོད་པ་མི་ཤེས། ཁོ་མོ་གཟུགས་ཕུང་ཕྲ་བའི་རྐྱེན་གྱིས་ལྟོ་བ་ཆེ་ཞིང་གྲོད་ཁོག་ལུག་ལུག་ཅན་གྱི་འོག་ནས་མཚམས་རེར་ངལ་དགོས་པ་ཙམ་གྱི་དཀའ་ངལ་ལས་ད་བར་དུ་སྡུག་བསྔལ་ཅི་གང་མ་བྱུང་ལབ་ཀྱང་འགྲིག
ང་ལ་འདོད་ཁམས་བདག་མོར་འབོད་པ་དང་ཚེ་གཅིག་གི་བཟའ་ཟླ་ལ་ཡོང་མིན་འདྲི་བའི་ན་ཆུང་སྐྱེས་པ་ཚོར་ཞོར་དུ་བཀའ་དྲིན་ཞུ་དགོས་པ་ཡིན། རང་གི་གཉེན་ཉེ་དང་ཕ་མ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཆ་མེད་རྒྱུས་མེད་ཀྱི་ཆོས་ལུགས་པ་དང་འཇིག་རྟེན་པ་ཀུན་ལ་འདོད་པའི་དམ་ཐག་རིང་མོ་བརྐྱངས་ནས་མི་ལོ་ཅི་ཙམ་འགོར་ཡང་ད་དུང་སུན་སྣང་མི་འདུག་པས་འདི་ནི་མི་ཚེ་སྐྱེལ་སྟངས་སྟབས་བདེ་ཞིག་ཏུ་འདོད། སུ་ཞིག་གིས་ང་ལ་དམོད་པ་བྱས་ན་ཆོག སུ་ཞིག་གིས་ང་ལ་བརྙས་བཅོས་བགྱིས་ན་འགྲིག་དེ་ནི་ངས་བཟོད་སྒོམ་མི་ཐུབ་པ་ཞིག་མ་རེད། ཁྱེད་ཅག་གི་སྐྱབས་གནས་དང་ཁྱེད་ཅག་གི་ལམ་སྟོན་པ། ཁྱེད་ཅག་གི་དབང་འཛིན་མི་སྣ་དག་གིས་ང་ལ་སྦྱིན་བདག་བགྱིས་པ་བགྲང་བས་མི་ལང་བས་ངས་ཁྱེད་ཅག་ལ་སྡང་ཞེན་མི་འདོད། ཁྱེད་ཅག་ང་ལ་སྡིགས་དམོད་དང་དམའ་འབེབས་བྱེད་མཁན་རྣམས་ཀྱི་རྒྱུ་ནོར་དངོས་སུ་ང་ལ་མ་བྱིན་ཡང་། ཁྱེད་ཅག་གི་མགོན་སྐྱབས་གཙོ་འཛིན་རྣམས་ཀྱིས་སྨད་འཚོང་མ་ངའི་ནུ་རིན་སྟུ་རིན་གཞང་རིན་སོགས་ལ་ཁྱེད་རྣམས་ཀྱིས་སེན་རྩར་ཁྲག་དང་སེན་རྟིང་རྣག་ཏུ་བྱས་པའི་ངལ་འབྲས་མང་ཙམ་ངའི་ལག་ཏུ་འབྱོར་སོང་བས་བཀའ་དྲིན་ཆེ་ཞུ་འདོད། ཡིད་ཕམ་པ་ཞིག་ནི་ངས་ཁྱེད་ཅག་ལ་སྨན་པའི་བྱ་བ་ཅི་ཡང་བསྒྲུབས་མ་ཐུབ་པ་དེ་ཡིན།
གདོད་མ་ནས་གྲུབ་རིག་པའི་རྣམ་གཞག་འདི།།
མ་བསླབས་ངང་གིས་ཤེས་པའི་འདོད་པ་ཉིད།།
སྒྱུ་རྩལ་འོག་འགྱུའི་སྟངས་སྟབས་སུ་མཁས་པ།།
ཁྱད་པར་བདེ་བའི་རོ་བཅུད་ལམ་ལས་གསལ།།

མཐོན་པོའི་ཁྲི་དང་བཙན་པོའི་གོ་ས་ཅན།།
ཕྱུག་པོའི་ནོར་དང་འདོད་པའི་ལང་ཚོ་ཅན།།
ཁོ་མོའི་སྟུ་དང་ནུ་མ་གཞང་གི་གྲོགས།།
སྦྱིན་བདག་འདོད་ལྡན་འདོད་པས་བདེ་གྱུར་ཅིག།
༢༠༡༨/༡/༢༠

2024-04-25 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།