Back To Top

དེ་དུས་ཀྱང་ཟླ་བརྒྱད་པ་རེད།

བཀླགས་གྲངས། 1217

ལུགས་ལྡོག་གིས།

___བོད་མོ་ཆོས་དབྱིངས་སྐྱིད་གླེང་བ།

མི་སྨྲ་བའི་བརྟུལ་ཞུགས་དོར་ཏེ་རང་གི་བསམ་ཚུལ་ཞིག་སྨྲ་རྒྱུ་ཡིན།
དེ་རིང་ནི་བོད་མོ་ཆོས་དབྱིངས་སྐྱིད་སླར་ཡང་རྟིང་རྩོད་འགྲན་བསྡུར་ཞིག་ལ་སླེབ་ཡོད་ས་རེད། ང་རང་ཡང་མོ་རྒྱུག་བཞིན་པའི་ཉེ་འཁྲིས་སུ་ཚོར་བས་བཟི་སྟེ། སྐྲ་རྩ་ཚ་ཞིང་མིག་མཐའ་མཆི་མ་འཁྱིལ་བའི་ཚུལ་དུ་ཡོད་པ་ལྟ་བུའི་སྣང་བ་སྐྱེས། འདི་ནི་མིའི་རིགས་ཀྱི་ཆགས་སྡང་ངམ་མི་རིགས་ཤིག་གི་ཆགས་སྡང་ཡིན། མོ་རང་ལ་རྒྱལ་ཁ་ཐོབ་ན་རབ་རེད་དང་མ་ཐོབ་ནའང་འཁང་ར་སྤུ་ཙམ་མེད།
ལོ་ངོ་མང་པོའི་རིང་དུ་བོད་མོ་ཆོས་དབྱིངས་སྐྱིད་ཀྱིས་བྱས་རྗེས་བཟང་པོ་བཞག་སོང་། མོ་རང་གི་པར་ལ་བལྟས་ཤིང་སྐད་ཆའི་གདངས་ལ་ཉན་ན་ཉམ་ཆུང་ཚུལ་ལྡན་ཞིག་གི་སྣང་བརྙན་མཆིས། འཇམ་ཞིང་དེས་པའི་ནང་གི་བརྗིད་ཉམས་ཅན་ནི་ཆེས་མཆོག་ཏུ་གྱུར་པ་དེ་མ་རེད་དམ།
བོད་མོ་ཆོས་དབྱིངས་སྐྱིད་ནི་མདའ་ཁ་མདུང་ཁ་ནང་ལ་བསྐོར་ཏེ། བུད་མེད་ཀྱི་ཐོབ་ཐང་དགོས་ཞེས་ཨུ་ཚུགས་བྱེད་མཁན་དེ་མ་རེད། བུད་མེད་ལ་ནུས་ཤུགས་འདི་འདྲ་ཡོད་ཅེས་རྒྱལ་སྤྱིའི་སྟེང་ནས་བུད་མེད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་སོང་། མོས་ཁ་ནས་བཤད་པ་ལས་ལག་ལེན་མངོན་སུམ་དུ་བསྟར་བས། སྐྱེས་པ་ཚོར་བུད་མེད་ཀྱི་འགན་འཁྲི་དང་ཐོབ་ཐང་བསྟན་སོང་ལ། ཞོར་དུ་བུད་མེད་ཚོར་འགན་འཁྲི་མི་ཐེག་པའི་ཐོབ་ཐང་རྩོད་པས་ཅི་ཕན་ཞེས་བརྡ་ཞིག་ཀྱང་བཏང་སོང་། ད་གཟོད་མང་པོ་མང་པོ་ཞིག་ཁུ་སིམ་མེར་སྡོད་དགོས་བྱུང་བ་རེད།
བོད་མོ་ཆོས་དབྱིངས་སྐྱིད་ཇི་ལྟར་ལམ་ལ་ཆས་པ་དང་སུ་ཞིག་གི་ཚབ་ཡིན་མིན་ངས་དཔྱད་པས་མི་ཡོང་། དེ་ན་གང་རེད་ཅེ་ན། མོ་ནི་ངེད་བོད་པ་ཚང་ནས་སྐྱེས་ཤིང་ཀ་ཁ་ག་ང་ཤ་གསེང་རུས་གསེང་ལ་ཐིམ་པའི་བོད་མོ་ཞིག་རེད། དུས་ནས་དུས་སུ་བསྒྱུར་དུ་མེད་ལ་རང་བཞིན་གྱིས་གྲུབ་པའི་བཅོས་མེད་ལྷད་མེད་ཅིག་ཏུ་བཤད་ཆོག

མོས་འུ་ཅག་གི་སེམས་ངོར་བཞག་པའི་བག་ཆགས་ནི། བག་ཆགས་གཞན་ཞིག་དང་ཡེ་ནས་མི་མཚུངས། མི་སྒེར་ཞིག་གི་མཚན་སྙན་ཙམ་གཏན་ནས་མ་རེད། ཆོས་དབྱིངས་སྐྱིད་ཅེས་པ་དེ་བོད་མི་དང་བོད་ཀྱི་བུད་མེད་ཚོའི་སྤྱི་མཚན་དུ་གྱུར་སོང་བར་འདོད། སྙན་གཞུང་མེ་ལོང་དུ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།། རང་ཉིད་ཉམས་པ་མེད་ལ་ལྟོས།། ཞེས་པ་ལྟར་ཆོས་དབྱིངས་སྐྱིད་ཀྱིས་བཞག་པའི་བག་ཆགས་ཡུན་ནས་ཡུན་དུ་གནས་ངེས་རེད།
མི་འགྱང་བར་སུ་ཞིག་གི་སྨྱུག་རྩེ་ནས་ཆོས་དབྱིངས་སྐྱིད་ཞིབ་འཇུག་ཅེས་པའི་བརྩམས་ཆོས་ཤིག་འབྱུང་བར་སྒུག་ཡོད་ལ། ཆོས་དབྱིངས་སྐྱིད་ལྟ་བུའི་བོད་མི་མང་པོ་ཞིག་ཀྱང་ནར་སོན་པར་སྒུག་ཡོད། རང་ལ་མངའ་བའི་འཇོན་ནུས་ཀྱིས་འཛམ་གླིང་ཤར་ནུབ་བརྒལ་ཏེ། རྒྱ་དཀར་ནག་གི་བུ་མོ་གསེབ་དྲི་ཅན་དང་སྤྱོད་ངན་མ། མགོ་སེར་བུ་མོ་ཧམ་སེམས་ཅན་དག་ལ་ཞི་འཇམ་གྱིས་རྐང་འགྲོས་ལག་གཤིབ་བྱས་སོང་། དེ་ནི་རྒྱལ་ཁའི་ནང་གི་རྒྱལ་ཁ་སྟེ་འཇོན་ནུས་ཀྱི་གཡུ་རལ་དགུང་ལ་གསིག་པ་མ་རེད་དམ།
མདོར་ན། བདག་གི་ཡིག་འབྲུ་འདི་རྣམས་ཀྱིས་ཆོས་དབྱིངས་སྐྱིད་ཤུགས་རྒྱོབས་ཤུགས་རྒྱོབས། ཁྱེད་ལ་ཡིད་ཆེས་ཡོད་ཅེས་པའི་ཚུལ་དུ་ལྷག་བསམ་ཟོལ་མེད་ཀྱིས་ཕུལ་བ་དགེའོ།།

༢༠༢༡ ༨ ༦

2024-08-08 མྱྀ་ནག
2024-08-08 གསལ་ལེ་རྒྱལ།
ཡ་ཡ
2024-08-02 མུ་ཏིག
2024-08-02 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།