Back To Top

ཡིག་ནོར་མིག

བཀླགས་གྲངས། 881

ལུགས་ལྡོག་གིས

ཡིག་ནོར་མིག་ཅེས་པའི་མིང་འདི་ངས་ང་རང་ཉིད་ལ་བཏགས་ཏེ་ལོ་འགའ་འགོར། ཕྱོགས་གཅིག་ནས་བོད་ཡིག་ཀློག་མཁན་དང་འབྲི་མཁན་མང་པོ་ཞིག་ཡིག་ནོར་མིག་ཏུ་བགྲང་འོས་སྙམ། རྒྱུ་མཚན་ནི་ཧ་ཅང་སླ། འུ་ཅག་གིས་གཞན་གྱི་ཡིག་ནོར་དང་ཆད་ལྷག་མཐོང་ཞིང་གཞན་སྐྱོན་ཁབ་རྩེ་ཙམ་ཡིན་ཡང་མི་འཆོར་བར་རིག་ཟེར་ན་འོས། རང་སྐྱོན་རི་བོ་མི་མཐོང་ཡང་གཞན་སྐྱོན་རྡུལ་ཕྲན་མཐོང་བའི་མིག་ཤེས་ཤིག་འུ་ཅག་ཐུན་མོང་ལ་གྲུབ་འདུག་ཨང་སྙམ། ཀུན་སློང་གི་ཐད་ནས་བཟང་ངན་བཤད་པའི་སྤོབས་པ་མ་མཆིས་ཀྱང་། རང་གི་དགེ་རྒན་དང་གཉེན་ཉེ། ཕ་ཡུལ་གཅིག་པ་དང་གྲོགས་པོ་ཚོའི་ཡིག་སྐྱོན་ཟུར་དུ་བཞག་སྟེ། མི་དགའ་སའི་ཕྱོགས་དང་ལྟ་བ་ལང་ཕྱོགས་མི་གཅིག་པའི་ཡིག་ནོར་ལ་མཛུབ་མོ་ཀེར་རྐྱང་བྱེད་ཚུལ་རིག་སྟེ་བསམས་ན། ཡིག་ནོར་མིག་ཅན་ཚོའི་ཞེ་འདོད་དང་བསམ་བློ་ཅི་ཡིན་སྙམ་པའི་དོགས་པ་ཡང་ཡང་སྐྱེས། 

བསམ་བློ་བ་ཡིན་མདོག་དང་རྟོགས་སད་པ་ཡིན་མདོག་གི་རྟུལ་ཞུགས་འཛིན་མཁན། གཞན་ལ་ཟབ་སྦྱོང་སྤྲོད་ཐུབ་མདོག་གི་སྨྲ་ལྕེ་འགུལ་ཞིང་ང་རྒྱལ་ཆེ་བ། རྩོམ་པ་པོའམ་སྙན་ངག་པ། ལོ་ཙྰ་བའི་མིང་འཛིན་པ་དང་ཤེས་རིག་གི་སྡེ་ན་ཨ་ཕོ་ང་ཡིན་སྙམ་པའི་ཡིག་འབྲི་བ་སོགས་ཀྱིས་གཞན་གྱི་ཡིག་ནོར་ལ་ཁྲམ་རྟགས་འགོད་བཞིན་དུ། རང་གི་ལག་འོག་ན་འདོན་དཀའ་བའི་ཡིག་ནོར་མཆིན་པ་རུལ་བ་ལྟ་བུ་རེ་བསྣར་ཡོད་ཀྱང་། ད་དུང་རག་དུང་ཁ་གཡེར་བ་དེ་གཞན་ཕྱོགས་སུ་བསྐོར་ཏེ་རང་ཉིད་དུང་ཆེན་གྱི་ཕྲ་སར་བསྡད་དེ་དབུགས་ཤུགས་ཆེན་པོས་འབུད་ཀྱིན་པར་བལྟས་ནས་ཉལ་འདང་ལག་པ་བྲང་ཐོག་བྱ་དགོས་བྱུང་། ཡིག་ནོར་ལ་ཁྲམ་རྟགས་བཀོད་ཅིང་ཡོ་བསྲང་གི་ཚུལ་དུ་ཀུ་རེ་རྩེད་མཚར་བཤད་མ་ཆོག་པ་མེད་ཀྱང་། ཕ་རོལ་པོ་ལང་འགུལ་མེད་པའམ་ནག་གསུབ་གཏོང་བའི་ཀུན་སློང་ཡོད་ན་དེ་ནི་མ་དག་པའོ་ཟེར་འདོད།

འདི་ལྟར་འཆད་དུས་ཡིག་འབྲི་ལ་མི་གོམས་ཤིང་ངན་ཁག་གཞན་ལ་དཀྲི་རྒྱུར་དགའ་བ་ཚོས། གང་ཟང་ཅིག་གིས་དགག་པ་རྒྱག་བཞིན་པ་རིག་ནས་སེམས་ཤུགས་ཉམས་ཚུལ་དང་། ཡིག་འབྲི་བ་ཅིག་གི་རྩོམ་ཡིག་གིས་བློ་ཕམ་དུ་བཅུག་སོང་ཟེར་སྲིད་ན། ཁྱོད་རང་ཚོ་ལ་མ་གཞི་ནས་རང་ཚུགས་མེད་པ་དང་གཞི་རྩ་བརྟན་པོ་མེད་པའི་གཤིས་ཀ་ཆེ་བས་རེད་ཟེར་འདོད། རང་གིས་འཁྱོང་ཚད་དང་རང་ལམ་འོས་འཚམ་ཞིག་འཐེན་ཏེ་འགྲོ་བ་མ་གཏོགས་ཆེ་ས་མཐོ་སར་བསྙབས་ཏེ་འགྱེལ་བ་ནི་རང་སྡུག་རང་གིས་ཉོས་པ་མིན་ནམ། མ་གཞི་ནས་མི་རིགས་འདིའི་གཤིས་རྒྱུད་ན་སྐྱབས་སེམས་མི་ཤེས་ཀྱང་ཐེག་ཆེན་པའི་གོ་འཕང་ལ་དགའ་བའི་ཧམ་སེམས་ཤིག་གྲུབ་འདུག་པས་རང་ཤི་རྒྱག་སླ་བ་ལྟ་བུ་རེད། རིག་ཚན་སྣ་མང་དང་ལྟ་ཚུལ་སྣ་ཚོགས་ཤ་འོད་བརྡོལ་བ་བཞིན་འགོག་ཏུ་མེད་པའི་དུས་འདིར། གཞན་དག་གིས་བགྲོ་གླེང་དང་དགག་རྒྱག་གིས་ཁྱོད་རང་ལང་འགུལ་བྱེད་མི་ནུར་པར་གྱུར་པ་ནི་ཁྱོད་རང་གི་ཞན་ཆ་རེད་དམ་ཕ་རོལ་པོའི་ལན་ཁ་རེད། སྐལ་མེད་སར་སྐེ་བསྲིངས་ཏེ་ཞགས་པས་བཟུང་ན་སྡུག་གྱོང་རེད་ཡ།

འོ་ན། ཡིག་ནོར་མིག་ང་རང་ཐེ་བའི་ཡིག་འབྲི་བ་དང་ཡི་གེ་ཀློག་མཁན་རྣམས་དཔའ་ཞུམ་ནས་བསྡད་རྒྱུ་ཡིན་ནམ། ཡང་ན། ཡིག་ནོར་འཆོར་བའི་ངན་གོམས་ལ་གཤག་བཅོས་བྱེད་ཞོར་དུ་མུ་མཐའ་མེད་པའི་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་དྲི་བ་འདིར་དྲིས་ཀྱང་ལན་འདེབས་ལག་ལེན་ཁྲོད་ནས་གསལ་བར་བྱའམ། ལ་ལས་ཡིག་ནོར་ལ་སྡིག་པ་མེད་ཅེས་ཡར་རྒྱས་མི་གཏོང་བ་དང་ལ་ལས་སྐད་ཡིག་ནི་བརྡ་འཕྲོད་ཐབས་ཙམ་མོ་ཞེས་ཀློག་དཀའ་བ་བྲི་རྒྱུ་ཡིན་ཟེར་སྲིད་ཀྱང་། ཁྱོད་ཀྱིས་དྲུང་ཡིག་ཅིག་ཟུར་དུ་བསྟེན་རྒྱུ་ཡིན་ནམ་ཞེས་འདྲི་འདོད། སྔོན་ཆད་བོ་དོང་པཎ་ཆེན་ལྟ་བུའི་མཁས་ཆེན་ཚོར་དྲུང་ཡིག་ཡོད་པ་དང་དེང་གི་ལས་བྲེལ་ཤིན་ཏུ་ཆེ་བའི་སྲིད་འཛིན་དང་འགོ་འཁྲིད་མཁན་ཚོར་དཔེ་བལྟས་ཏེ་དྲུང་ཡིག་དགོས་ཟེར་ན་གད་མོ་ཚད་མེད་འཆོར་ངེས་ཡིན། གོ་ཐོས་སུ་ཞིབ་འཇུག་སློབ་ཚོའི་རྩོམ་ཡིག་ཡིག་ནོར་གྱི་དམྱལ་བར་ལྷུང་སྟེ་དག་ཞིང་དུ་འདྲེན་པའི་བླ་མ་ནི་དགེ་རྒན་དང་ལམ་སྟོན་པ་ཚོ་དྲུང་ཡིག་ལྟ་བུར་གྱུར་པ་ཐོས་ཤིང་མཐོང་། ཡ། དེ་རིང་ཡིག་ནོར་མིག་གིས་ཡིག་ནོར་གྱི་ཕོག་ཐུག་དང་སུན་གཏམ་སྐོར་འདི་ནས་གླེང་མཚམས་འཇོག་པ་ཡིན། རྗེས་སུ་མཇལ།
༢༠༢༤ ༨ ༩

2024-08-10 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།