བཀླགས་གྲངས། 894
ལུགས་ལྡོག་གིས།
___གཞང་ལ་ཟ་ཕྲུག་ལང་བ་ལྟར་སྡོད་མི་ཚུགས་པར་འབྲེལ་བ་ཡོད་མེད་ཀུན་ཏུ་འཚང་འགྲོ་བའི་རིགས་ལ་གོ་དགོས།
ང་རང་ཆུང་ཆུང་ཡིན་དུས་འབྲེལ་བ་ཡོད་མེད་ཀུན་ཀྱི་གྲལ་དུ་རང་ཤེད་ཀྱིས་འཚང་འགྲོ་བའི་མི་ཚོར་གཞང་ཟ་ཟེར་བ་ཡང་ཡང་ཐོས་ཤིང་ལབ་ཀྱང་མྱོང་། ཐ་སྙད་འདི་ཡུལ་ལུང་བྱེ་བྲག་པ་ཞིག་གིས་སྤྱོད་ཀྱི་ཡོད་པ་ལས་ཚིག་མཛོད་དུ་བཙལ་ཡང་མེད་སྙམ། ལོ་ངོ་འགའི་རིང་གི་མྱོང་བ་རེ་ཕྱིར་དྲན་བྱེད་ཞོར་དུ་མི་སྒེར་རེ་རེའི་ལས་འགན་ལ་གཞིག་དུས་གཞང་ཟ་ཟེར་བའི་ཐ་སྙད་འདི་ལ་ནུས་ཤུགས་ཡ་མཚན་ཞིག་ཡོད་པ་ཚོར་ཏེ་སྤྱད་པ་ཡིན། དཔེར་ན། སློབ་གྲྭ་ཞིག་ལ་མཚོན་ན་འཛིན་སྐྱོང་དང་ལས་བྱེད། དགེ་རྒན་དང་སློབ་མ་ཞེས་པར་རང་རང་ལ་དཔག་པའི་ལས་འགན་རེ་ཡོད། སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན་པར་བརྟེན་སློབ་གཉེར་ལ་འབད་དགོས་པ་སྨོས་ཅི་དགོས། ཡིན་ནའང་། སྐབས་སུ་བབ་པ་རང་ཉིད་རིག་ཚན་གང་དུ་གཏོགས་པ་ལས་བརྒལ་ཏེ་འབྲེལ་བ་མེད་སར་འཛུལ་ཡོང་མཁན་མང་། ཁོར་ཡུག་གང་དེར་ཤ་ཚ་ཞིང་མ་བསྐུལ་དང་བླངས་ཀྱིས་ཞབས་ཞུ་སྒྲུབ་པར་མཐེ་བོང་སྒྲེང་བ་ལས་ཕྲག་དོག་དང་རྒོལ་བ་བྱ་འདོད་རྩ་བ་ནས་མེད་ཀྱང་། སློབ་མ་གཞན་དང་གཞན་ལ་ཁོ་རང་གི་བསམ་པ་ལྟར་ཞབས་ཞུ་དགོས་ཚུལ་དང་མ་ཞུས་ན་རྣམ་འགྱུར་བསྟན་པའི་རིགས་ལ་ཁོ་བོ་ཤིན་ཏུ་ནས་སུན་མྱོང་། རྒྱུ་མཚན། ང་ཚོ་སློབ་མ་ཡིན་པའི་ངོས་ནས་རང་རང་ལ་དམིགས་འདུན་དང་འགན་ཁུར་རེ་ཡོད་པས་དུས་ཚོད་སྤྱོད་ལུགས་བྱ་དགོས། སློབ་མ་གཞང་ཟ་དེ་ཡར་རྒྱུག་མར་རྒྱུག་བྱས་ནས་འཛིན་སྐྱོང་གིས་ཀྱང་གཞང་ཟ་དེ་བེད་སྤྱད་ནས་སློབ་མ་གཞན་དག་ལ་སུན་པོ་བཟོ།
གོང་དུ་སློབ་མ་དཔེར་བཀོད་པ་ཙམ་ལས་ཚོགས་སྡེ་ཁག་ན་གཞང་ཟའི་རིགས་ཧ་ཅང་མང་། དུས་རབས་ཉེར་གཅིག་གི་འགྲོ་སྟངས་ཤེས་ཚུལ་དང་དེང་རབས་ཀྱི་མི་ཡིན་ནོ་ལོ་ཚོའི་གྲས་ན་གཞང་ཟ་མང་པོ་ཡོད། ཐ་ན་དྲྭ་འབུའི་ནང་ཚུན་ཆད་ན་གཞང་ཟའི་རིགས་མང་། དུས་རབས་འདིར་རང་ཉིད་རིག་ཚན་གང་དང་འབྲེལ་བ་ཡོད་མེད་དང་རང་གི་ཤེས་ཚད་དང་བསྟུན་པའི་སྒོ་ནས་འཛུལ་ཞུགས་བྱ་དགོས་ཀྱང་། འབྲེལ་བ་ཡོད་མེད་ཀུན་ཏུ་འཛུལ་ནས་བརྡབ་གསིག་གཏོང་མཁན་མང་། ཞབས་ཞུ་དང་བླངས་བྱེད་མཁན་ཞིག་ཡིན་ན་ཚོགས་སྡེ་གང་དེར་ཐོག་མའི་གན་རྒྱ་ཅི་ཞིག་བཞག་ཡོད་ན་དེ་ལྟར་དུ་བྱ་བ་སྒྲུབ་ན་འོས་མོད་ཀྱང་། ཉེ་འཁོར་གྱི་མི་ཚོར་ཁོ་རང་གི་འདོད་པ་ལྟར་བྱ་དགོས་ཚུལ་བཤད་ན་དེ་ནི་ལས་རྒྱུ་མ་རག་པའམ་སྡོད་མི་ཚུགས་པའི་གཞང་ཟའི་རིགས་སུ་གཏོགས། ང་ལ་མཚོན་ན་སློབ་སྦྱོང་གི་མཐུན་རྐྱེན་མ་འཛོམས་ཏེ་སློབ་གྲྭར་འཛུལ་བ་མ་གཏོགས་གཞང་ཟ་བྱེད་ས་མ་རག་སྟེ་འཛུལ་བ་མིན་པས། ང་ནི་འབྲེལ་མེད་ཀྱི་ལས་ཀའི་ནང་དུ་འཛུལ་འདོད་མཁན་དེ་མིན། ཡིན་ཡང་། གཞང་ཟ་ཚོའི་བྱེད་སྟངས་དང་ངན་གོམས་ཀྱིས་སློབ་སྦྱོང་དང་ལས་ཀ་ཉག་ཉོག་གཉིས་ལས་ལས་ཀ་གལ་ཆེན་དུ་བསྒྱུར་འགྲོ། བྱ་བ་སྒྲུབ་འདོད་པ་དང་ཞབས་ཞུ་ཞུ་འདོད་ན་སློབ་སྦྱོང་ཡག་པོ་བྱས་ཏེ་ཞབས་ཞུ་བསྒྲུབས་ན་རིན་ཐང་ཆེ།
སློབ་གྲྭའི་སློབ་སྟོན་པ་དང་དགེ་རྒན། སློབ་མ་བཅས་ཀྱི་ཁ་ནས་ཚིག་ཆེན་པོ་མི་གསོད་སྤྱད་ལྟ་བུ་ཐོན་ཡོང་དུས་མང་། དཔེར་ན། སློབ་སྦྱོང་ནི་འབྲི་ཀློག་ཤེས་པ་ཙམ་མ་རེད་ཅེས་བཤད་པ་རྒྱུན་ལྡན་ཡིན། འབྲི་ཀློག་ཤེས་པའི་སྟེང་ནས་སྐད་ཆ་དེ་བཤད་ན་འོས་ཀྱི་འབྲི་ཀློག་མི་ཤེས་པ་ཞིག་གིས་འབྲི་ཀློག་མི་ཤེས་པ་ཚོར་སྐད་ཆ་དེ་བཤད་ན། འུ་ཅག་ཚང་མ་བག་འཁུམ་སྒྱིད་ལུག་ཏུ་བག་ལ་ཞ་ཟེར་བ་དང་མཚུངས། དངོས་ཡོད་གནས་ཚུལ་གྱི་ཐད་ནས་བལྟས་ན་འབྲི་ཀློག་རང་མགོ་ཐོན་པ་སློབ་མ་སྟོང་གི་ནང་ན་ལྔ་བཅུ་ཡོད་དམ། དེ་དག་ཚང་མའི་ཕུགས་དེད་སོང་ན་གཞང་ཟའི་རིགས་ཀྱི་ཤུགས་རྐྱེན་དང་གཞང་ཟ་ཚོའི་དུས་ཐུང་གི་བསམ་རྒྱ་ལ་རག་ལས་ཡོད་སྙམ། སློབ་མའམ་ལས་མི་གཞང་ཟ་ཚོར་འཛིན་སྐྱོང་དང་དགེ་རྒན་གྱི་ནུས་ཤུགས་ལྟ་བུ་མེད་ཀྱང་། སློབ་གཉེར་དང་འཚོ་བའི་ཁྲོད་དུ་སུན་པོ་བཟོ་བ་ནི་འདྲེ་ཤུགས་དང་མཚུངས། གཞང་ཟ་ཟེར་བ་དེ་ཆེ་ས་ནས་བླ་མ་དཔོན་པོ། འགོ་ཁྲིད་ནས་བཟུང་སྟེ་གད་པ་ཡན་ཆོད་ཀྱི་ནང་ན་ཁྱབ་ཡོད། བསམ་བློ་བཏང་དང་བཏང་ན་གཞང་ཟ་ཟེར་བའི་ཐ་སྙད་འདི་ཡིག་ཉོག་འཆལ་འཆོལ་འདི་འདྲ་ཞིག་ཏུ་སྤྱད་རྒྱུ་ཕངས་སེམས་སྐྱེས།
༢༠༢༤ ༨ ༡༣