Back To Top

རི་ལུང་གི་རྐང་ཐང་བའི་རྣམ་ཤེས།

བཀླགས་གྲངས། 1008

ལུགས་ལྡོག་གིས།

ནངས་སྔ་མོ་ནས་རྐང་ཐང་གིས་སོང་སོང་མཐར་ས་སྟོང་ལུང་སྟོང་ཞིག་ཏུ་འབྱོར། ཀི་རེ་འདེབས་དུས་བྲག་ཆ་རྫ་ཁུག་ཏུ་འཁོར་ཏེ་རང་ཉིད་ལས་འགྲོ་བ་མི་ཞིག་མེད་སྣང་སྐྱེས། ཁུར་པོ་ལྗིད་ཅིང་ལྕི་བས་སྤྱི་ལེ་གཅིག་ཙམ་བགྲོད་རྒྱུ་དུས་ཚོད་ཕྱེད་ཀ་ཡས་མས་འགོར། ཕྱེད་ཡོལ་ཙམ་དུ་ལུང་ཕུག་གི་ལ་རྩར་འབྱོར་བ་དང་ངལ་གསོ་རིང་བོ་ཞིག་རྒྱག་འདོད་སྐྱེས། མར་ཡར་ལ་བལྟས་ནས་ཆུ་གཙང་མ་ཞིག་བཏུང་དགོས་བསམས་ཀྱང་ཕར་ཕྱོགས་ཀྱི་གངས་ཆུ་མ་གཏོགས་ཆུ་ཞིག་ཡོད་བཟོ་མ་མཆིས། 
ངལ་དུབ་ཀྱིས་མནར་ཡོད་སྟབས་རྫ་སྤང་མཚམས་སུ་གློ་ཉལ་བྱས་ཏེ་ངལ་གསོས། དོ་དགོང་འདིར་ལུས་སོང་ན་གཅན་གཟན་རེ་ཨེ་ཡོད་སྙམ་པའི་མུར། གློ་བུར་དུ་དྲེད་མོང་ཞིག་བསླེབས་ནས་རྫི་སྣོན་བྱེད། ང་རང་ཆུང་དུས་ཨ་མྱེས། ནགས་དྲེད། རྫ་དྲེད། སྤང་དྲེད་ཅེས་རིགས་འགའ་བཤད་པའི་ནང་གི་རྫ་དྲེད་ཡིན་ངེས་རེད་བསམས། དྲེད་མོང་དེ་ངའི་ཉེ་འཁྲིས་སུ་བཅར་ཏེ་མཆེ་བ་གཙིགས་ཤིང་ང་རོ་འདོན་གྱིན་སྡེར་མོའི་རྣོ་དབལ་རྣམས་སྟོན་དུས་ལྟ་བ་མིག་གིས་མི་བཟོད་པ་དང་། ཉན་པ་རྣ་བའི་དབང་པོའི་འགག་འགག་ཏུ་འཇུག་པའི་ང་རྒྱལ་གྱིས་ང་ནི་ཅི་བྱ་གཏོལ་མེད་དུ་གྱུར།

དྲེད་མོང་དང་ལག་འཛིང་བྱས་ན་གླགས་མི་འཁེལ་སྟབས་འུ་ཐུག་ཐབས་ཟད་དེ། སྟོང་ཉིད་སྒོམ་པའི་བསམ་ཡན་གློ་བུར་བ་ཞིག་བྱུང་། དེ་འཕྲལ་དུ་རང་ཉིད་དབུ་མའི་སློབ་དཔོན་ཞིག་ཡིན་སྣང་གིས་དྲེད་མོང་འདི་རང་བཞིན་གྱིས་མ་གྲུབ་པ་ཞེས་སྐད་ཤུགས་ཆེན་པོའི་ངང་ནས། མཆེ་བ་ནི་དྲེད་མོང་མ་རེད། སྡེར་མོ་ནི་དྲེད་མོང་མ་རེད། མགོ་དང་ཡན་ལག་རྣམས་དྲེད་མོང་མ་རེད། ཤ་ཁྲག་དང་སྤུ་ཉག་རེ་རེ་དྲེད་མོང་མ་ཡིན་པར་གཏན་ལ་ཕབ་ཀྱང་། མདུན་ཕྱོགས་ཀྱི་གཅན་གཟན་གནམ་ས་དབྲལ་ལ་ཁད་བྱེད་ཀྱིན་པ་དེས་ངའམ་བདག་ཅེས་པ་ཞིག་ཡོད་ཤག་ཤག་ཡིན་པར་གྲུབ། ང་རང་གི་ལུས་ཀྱི་ཆ་ཤས་རེ་རེ་བྱས་ནས་ངའམ་བདག་ཟེར་བ་གྲུབ་མེད་པའི་སྤོབས་པ་བསྐྱེད་ཀྱང་། ང་འཆི་རན་ལ་ཉེ། ང་འཇིག་རྟེན་འདི་ནས་འཆི་སྟངས་འཇིགས་སུ་རུང་བ་ཞིག་གི་ངང་དུ་འཆི་རྒྱུ་ཡིན་པའི་འཇིགས་སྐྲག་ལིང་ལིང་ཞིག་སྐྱེས་ཡོང་། རི་ལུང་གི་མཛེས་སྡུག་རྣམས་ཉམས་ཤིང་སྤྲིན་པའི་ཁ་དོག་ནག་ལོང་ངེར་འགྱུར་གྱིན་པ་སོགས་ཀྱིས་ང་རང་གི་ཚེ་མཇུག་ཏུ་ཐོན་ཡོད་པ་ཤེས།

དྲེད་མོང་གིས་མཆེ་གཙིགས་སྡེར་བགྲད་དང་ང་རོས་འཇིག་རྟེན་དགད་ལ་ཁད་བྱེད་ཀྱིན་པའི་སྐད་ཅིག་དེ་ཉིད་དུ། ང་རང་འཕྱི་བ་ཞིག་ཏུ་སྤྲུལ་ནས་རྫ་རྡོ་ཆེན་པོ་ཚོའི་གསེབ་ཏུ་གབ་ཡིབ་བྱེད་ཐབས་སུ་འབད་དུས། དྲེད་མོང་གིས་ང་རོ་གནམ་ས་འགེངས་བ་ཞིག་འདོན་བཞིན་དུ་འཕྱི་བ་ང་ཁྱུར་མིད་བྱས་སོང་། ང་ནི་དྲེད་མོང་གི་ཁོག་པར་དབུགས་སུབ་གཏོང་ལ་ཁད་དུ་གྱུར་ཏེ་མགྱོགས་མྱུར་གྱིས་འཆི་བར་རེ་བ་རྒྱག་ཀྱང་། མ་ཤི་དམྱལ་ཁམས་ཀྱི་སྡུག་བསྔལ་བརྗོད་མི་ཤེས་པ་ཞིག་མྱོང་། མགོན་སྐྱབས་བྱེད་པའི་ལྷ་ཀླུ་གཞི་བདག་སོགས་བོས་ཀྱང་ཨ་ལན་སྟེར་མཁན་ཞིག་མ་མཆིས་པས། བདག་ཅེས་པའི་ང་ལོག་ལོག་ཅིག་ཡོད་པ་ངོས་ཟིན་ཡོང་། ཤི་གསོན་གང་ཡིན་མི་ཤེེས་པའི་འཁྲུལ་སྣང་ནག་ཐོམ་མེར་གནས་སྐབས་སུ་དབུགས་ཅུང་ཙམ་འབུད་ཐུབ་པའི་ཚོར་བ་སྐྱེས། དེ་དུས་སུ་དཀར་འོད་ཅིག་མཐོང་བའི་དྲན་འཆར་བློ་འགེལ་དཀའ་བ་ཞིག་བྱུང་ཙ་ན། ང་ནི་དྲེད་སྐྱག་ཆེན་པོ་ཞིག་གི་ནང་དུ་འཕག་ཙམ་འགུལ་ཙམ་དུ་ལུས་འདུག། འཛམ་གླིང་གི་གད་སྙིགས་ཡོད་དོ་ཅོག་གི་དྲི་ངན་ཡོངས་འདུས་པའི་བཙོག་སྣང་གི་ཁྲོད་དུ་བདག་གི་མགོ་ལུས་ཡོངས་འཐིམ་ཡོད་པའི་ཚོར་བ་བྱུང་། གསོན་དུ་རེ་བའི་བདེ་བ་སྐད་ཅིག་མ་དེས་རང་ཉིད་འཇིག་རྟེན་དུ་སླར་ཡང་སྐྱེས་སོང་བ་རེད་ཨང་སྙམ་པའི་དགའ་སྣང་ཚད་མེད་པ་ཞིག་སྐྱེས་ནས། མིག་ཟུང་འབྱེད་མ་ཟུམ་བྱེད་དུས་ཉི་མ་ནུབ་ཁར་ང་རང་ས་སྟོང་ལུང་སྟོང་ཞིག་ན་གཉིད་དུ་ཡུར་ནས་ལུས་འདུག། མགོ་བོ་བཏེགས་ཏེ་ཡར་མར་ལ་ལྟ་དུས་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་ས་སྲོས་ཀྱིས་དགའ་སྣང་དང་འཚེར་སྣང་གི་བྲེལ་འཚུབ་གཉིས་མཉམ་དུ་བྱིན། ཁུར་ཙ་ཁུར་ནས་རྩ་ལམ་འཐེན་ཏེ་འགྲོ་དུས་དྲེད་མོང་གི་སྣང་བརྙན་འཇིགས་སུ་རུང་བ་དེས་ང་རང་འཇིགས་སྣང་གི་གཡང་གཟར་དུ་ཡང་ནས་ཡང་དུ་དེད། ཡིན་ཡང་། ཨུ་ཚུགས་ནན་ཏན་གྱིས་ལའི་ཕར་ཕྱོགས་སུ་ལུག་པ་ཞིག་ཡོད་པའི་རེ་བ་ཆེན་པོ་བྱས་ནས་འགྲོ་བཞིན་ཡོད་དུས། རྒྱབ་ཕྱོགས་ནས་འདྲུད་འཐེན་འཁོར་ལོ་ཞིག་ཡོང་བ་དང་ཁ་ལོ་བར་ཞུ་བ་འཐེན་མཐར་འདྲུད་འཁོར་དུ་བཞག་སྟེ་གྲོང་ཚོ་ཞིག་ཏུ་འབྱོར་ཐུབ་པ་བྱུང་། 


༢༠༢༤/༩/༡

2024-09-01 ཤེད་བུ།
གནད་འགག་གི་སྐབས་སུ་སྒོམ་ཙད་ཡ་བརྒྱབ་ཟིག་ར། ད་རུང་བྱང་ཆུབ་སེམས་ཟིག་ར་སྒོམ་ནས་ཚོད་ལྟ་ཡེད་རྒྱུ་རེད་བསམ་སོང་ར། དེ་བར་དུ་ཅིག་མ་ཐོན་ན། དྲེད་རྟུག་ནང་ནས་ཕྱིར་སྐྱེས་དང་ཟིག   ཧཧཧ
ལ་ལ་  སྣ་ཟོ་ཚ་་གི་འདུག་གི
2024-09-01 ལུགས་ལྡོག།
བྱང་སེམས་རྗེས་ན་ཡོད། ཡང་ན། ཁྱོས་ཅིག་ཕྲིས་དང་། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།