བཀླགས་གྲངས། 980
ལུགས་ལྡོག་གིས།
རྣམ་རྟོག་གི་མཛོད་ཁང་དུ།
དམངས་ཞེས་པའི་ཐ་སྙད་འགྲིག་མེད་ན།
ཁ་ལག་ཟ་ཟེར་བའི་ཡུལ་སྐད་དེ་ཡང་།
ཁ་དང་ལག་པ་བཟའ་རྒྱུར་གོ་ན་ལོས་ཆོག།
གཅིག་བྱས་ན། ཁ་ལག་དེ།
བྱིས་པ་དམར་འབྱར་གྱི་ཁ་དང་ལག་པ་ཡིན་སྲིད།
དཔོན་པོ་ཚོའི་ཁ་གཏད་ན་སྐྱོ་ངལ་དུ་ལུས་པའི།
སྤྱི་དམངས་ཚོ་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་ན།
མང་གཙོ་ཟེར་ན་དགེ་མཚན་ཡོད་ཤག་ཤག་རེད་ཡ།
དཔེར་ན། སྐད་དང་གླུ་གཞས་ཞབས་བྲོ།
ཡུལ་ལུང་གི་གོམས་གཤིས་ཀྱི་ཆ་ནས།
མི་གྲངས་མང་ཉུང་ལ་བལྟས་པའི་ཟུར་ཞིག་མངོན།
བཙན་བྱོལ་དུ་ལུས་པའི་ལོ་ངོ་དྲུག་ཅུ་རེ་གྲངས་སུ།
ཕྱོགས་གཅིག་གཙོ་གནད་དུ་བཟུང་འདུག།
ཕྱོགས་གཅིག་ནས་གླང་དམར་ཚོ་མ་འཕག་ན།
སྐུ་དྲག་གི་རྡོ་སེང་གེ་ཚོ་འགྱིང་ཡོང་གི་འདུག།
ཐ་སྙད་སྤྱོད་ལུགས་དང་ཡིག་རྒྱུགས་ཀྱི་བར་ན་འཛུལ་བའི།
ཤོག་ཁག་གི་ལག་པ་དམར་པོ་ཚོ་ལྐོག་ཏུ་འགུལ་བཞིན་པ་རེད།
ལོ་རྒྱུས་སློབ་དཔོན་ཚོས་ལྐོག་ཇུས་འཐེན་ཡོང་བ་དང་།
བླ་བྲང་གི་སྐུ་ཞབས་ཚོས་ལག་ངན་རྐྱོང་བ་སྟེ།
སྐད་བརྡ་རིག་པའང་ཡུལ་སྐད་ཙམ་དུ་འགྱུར་དུས།
གྲོས་ཚོགས་ནང་གི་གླང་དམར་ཚོ་ཅི་ཡང་མ་རེད།
རུལ་སུངས་ཀྱི་རིག་གནས་པའི་བསྟི་གནས་ནི།
མི་རབས་ཀྱི་རབས་ཆད་པའི་ལྟས་ངན་དུ་བསྙད།