Back To Top

གཉོམ་ཆུང་བཙན་པོ།

བཀླགས་གྲངས། 945

ལུགས་ལྡོག་གིས།

ང་ཚོ་ལ་འཛམ་གླིང་ཤར་ནུབ་ཀྱི་ཕྱོགས་རིས་དང་རྒྱལ་ཁབ། མི་རིགས་དང་ཤོག་སྡེ། ཐ་ན་ཁྱིམ་ཚང་གི་ལ་ཞེན་བཅས་མེད། འོ་ན། ང་ཚོ་ཞེས་པའི་“ཚོ་སྒྲ”དེ་གང་ལ་འཇུག་ཅེ་ན། ལྟ་ཚུལ་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་མི་རྣམས་མ་ཟད་སྲོག་ཆགས་ཀྱང་འདུ། ལྟ་ཚུལ་ལམ་ལྟ་བ་ཅི་ཡིན་ཞེ་ན། ཁ་བྱང་དུ་བཏགས་ཡོད་པའི་<<གཉོམ་ཆུང་བཙན་པོ>>ཞེས་པ་དེ་ཡིན། ང་ཚོའི་ཚུགས་ཀ་ནི་སྒྱིད་ལུག་ཆེ་ཞིང་མགོ་འཐོམ་པ་སྟེ། ཤེས་འཇོན་ནུས་མེད་ཀྱི་ཚུལ་དུ་འཚོ་ཞིང་གནས་པའི་གཉོན་ཆུང་གི་རིགས་ཡིན་པས། བཙན་པོ་དང་མཐོན་པོ། ཕྱུག་བདག་དང་ང་རྒྱལ་ཅན་ཚོར་གྲོགས་བསྒྲིག་རྒྱུར་མི་བྲེལ། ཆེས་ཕལ་བ་དང་ཆེས་སྤྱིར་བཏང་གི་འཚོ་བ་ལ་གོམས། གཞན་པས་ང་ཚོའི་རིགས་ལ་མཐོང་ཆུང་དང་དམའ་འབེབས་ཆུང་ཙག་རེ་བྱས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་སུ་གནས་པར་བྱེད།

ཤེས་འཇོན་ནུས་མེད་ཀྱི་རིགས་དང་དབུལ་ཕོངས་སྙིང་རྗེའི་ཡུལ་དུ་གྱུར་པ་ཚོར་ང་ཚོས་རོགས་བྱེད་མི་ནུས་ན། ཕན་པའི་སེམས་ཀྱིས་འུ་ཅག་ནི་གཅིག་མཚུངས་སུ་གནས་ཞེས་ཡིད་གཏིང་ནས་གུས་བཀུར་བྱ། ཆེ་བའི་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་འཁྲུག་དང་ཆུང་བའི་མི་སྒེར་བཙན་གཉོམ་བར་གྱི་བཙན་གནོན་དང་ཁྱད་གསོད་ལ་གཉོམ་ཆུང་བཙན་པོའི་རིགས་ཀྱིས་མི་དགའ་བའི་རྣམ་འགྱུར་བསྟན་དང་སྟོན་བཞིན་ཡོད། གཉོམ་ཆུང་བཙན་པོའི་ལྟ་བ་ནི་རིགས་ཀྱི་འདུ་ཤེས་ལས་བརྒལ་ཡོད། དཔེར་ན། རྒྱ་མི་འགས་བོད་མི་གཉོམ་ཆུང་ནུས་མེད་ཅིག་ལ་གཉའ་གནོན་བྱས་ན་ངེད་ཅག་མི་དགའ་ཞིང་། བོད་མི་སྐོར་ཞིག་གིས་རྒྱ་མི་ནུས་མེད་ཕལ་བ་ཞིག་ལ་ཁྱད་གསོད་དམའ་འབེབས་བྱས་ན་ང་ཚོ་རྒྱ་མི་དེའི་ཕྱོགས་སུ་ལང་རྩིས་ཡོད། དེ་ལྟར་དུ་བཙན་པོ་དང་ཕྱུག་པོས་ཉམ་ཆུང་ངམ་དབུལ་ཕོངས་ལ་ཁྱད་གསོད་བྱེད་དུས་ང་ཚོ་ནི་ཉམ་ཆུང་དང་དབུལ་པོའི་རྒྱབ་རྩར་ལང་བའི་ཞེ་སྡང་ཅན་རྣམས་ཡིན།

ང་ཚོའི་དཔུང་སྡེ་ནི་འཇིག་རྟེན་སྲིད་པའི་ཁྱོན་ན་མངོན་ཆུང་གིས་ཉུལ་བཞིན་ཡོད་སྟབས་གཞན་གྱིས་ངོས་ཟིན་དཀའ། ང་རང་ཚོས་ཕན་ཚུན་མི་ཤེས་ལ་ཤེས་དགོས་དོན་ཡང་མེད། བྱ་བྱེད་ནི་བྱ་བཏང་གི་རྣལ་འབྱོར་བའི་ཚུལ་ཅན་དང་སྨད་འཚོང་མའི་ལས་གཉེར་མཁན། ཆོ་མེད་འདོ་མེད་ཀྱི་ཚུགས་ཀ་ཅན་དང་ལམ་ཁར་ཉལ་བའི་ཆང་འཐུང་མཁན། ཡིག་རྨོངས་པ་སོགས་ཀྱི་རིགས་སྣ་ཚོགས་ཡོད། གཉོམ་ཆུང་ནུས་མེད་ཀྱི་ཚུལ་དུ་གནས་ཀྱང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ན་བཙན་པོ་སྟག་གཟིག་གི་ངར་གཤིས་དང་དོམ་དྲེད་མཆེ་སྡེར་ཅན་གྱི་ངང་ཚུལ། འབྲོང་གཡག་དར་མའི་རང་གཤིས་རྩུབ་པོ་ཅན་དང་གླག་རྒོད་བྲག་གཡང་དུ་འཕུར་འདྲའི་ང་རྒྱལ་གྱིས་གསོན་པའི་འཇིག་རྟེན་སྣང་མེད་དུ་གཏོང་སྲིད། ལྟར་སྣང་དུ་ང་ཚོ་སའི་གོ་ལའི་ཁུར་པོ་དང་སྤྱི་ཚོགས་ཀྱི་གད་སྙིགས་སུ་བརྩི་འོས་ཀྱང་། ཁྱོད་ཚོའི་འདོད་རྔམ་དང་ཚོད་འཛིན་དེ་ཚད་མེད་པ་ཞིག་ཡིན་ན་ང་ཚོར་རྣམ་འགྱུར་དགུ་དགུ་བརྒྱད་ཅུ་གྱ་གཅིག་བསྟན་རྒྱུ་ཡོད།

ང་ཚོ་ལ་མིའི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་འདུ་ཤེས་མི་འདུག་ཟེར་བ་ཁྱོད་ཚོ་བདེན་ཡང་། ང་ཚོའི་རིན་ཐང་འཚོལ་སྙེག་ནི་ཁྱོད་ཚོའི་རེ་འདུན་ལས་བརྒལ་ཡོད་སྟབས་ཁྱོད་ཚོ་ལ་ལགས་སོ་ཟེར་མི་ཐུབ། འཇིག་རྟེན་ཁམས་ཆེན་མོ་འདིའི་ཁྱོན་ནས་ང་ཚོ་ལ་ངེས་པར་འཐོབ་དགོས་པའི་གཞིས་ཀ་དང་རྒྱུ་ནོར་མེད། འཐོབ་དགོས་པ་ཞིག་ཡོད་ན་གནས་ལུགས་ཀྱི་བསླུ་བྲིད་དུ་མགོ་བོ་འཁོར་བའི་བདེན་པ་དང་ཁས་དམན་བརྩི་འཇོག་གི་འདུ་ཤེས་ཡིན། དེའང་ལྟོས་མེད་དང་ཞིབ་དཔྱོད་མེད་པའི་གཡམ་རྒྱུག་ཅིག་ཡིན་མི་སྲིད། གཉོན་ཆུང་བཙན་པོ་ཚོར་རིགས་ཀྱི་འདུ་ཤེས་དང་ས་མཚམས་ཆུ་མཚམས་མེད་ཀྱང་དུས་ཚོད་ལ་ཚད་ཡོད་ངེས་པས་བཟོད་སྒོམ་ལ་མཐའ་ཡོད་དོ།།

༢༠༢༤-༩-༢༡

2024-09-21 ཟླ་བ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།