Back To Top

བརྩེ་དུང་གི་རྫོགས་པ་ཆེན་པོ།

བཀླགས་གྲངས། 921

ལུགས་ལྡོག་གིས།

ང་རང་བརྩེ་དུང་གི་རྫོགས་པ་ཆེན་པོར་བསྡད་དེ།
ས་བཅད་ཆེ་ཆུང་དུ་མ་གྲལ་གྱིས་བསྟར་ཞིང་།
ལེའུ་དང་རབ་བྱེད་ཀྱིས་མཛེས་པར་བྱས་ནས།
ཀ་ཁ་དང་ཨང་ཡིག་རྟགས་ཅན་གྱི་དོན་ཚན་བགོས་ན།
དགའ་མ་སྙིང་ཆུང་མས་རྣམ་རྟོག་གི་མཆན་བུ་བཏབ་སྟེ།
བདག་གི་སྤོབས་པ་དང་འདུ་ཤེས་གཏོར་བརླག་ཏུ་བཏང་།

འཇིག་རྟེན་འདིའི་མི་ཁ་དང་འཕྱ་སྨོད་སོགས།
བདེན་མེད་སྟོང་ཉིད་དུ་ཡང་ཡང་བསྒོམས་ནས།
ང་རང་བརྩེ་དུང་གི་རྫོགས་པ་ཆེན་པོར་ཞུགས་ཡོད།

གླིང་སྙོབ་འཕུར་མདའི་སྙོབ་ཚད་ལས་བརྒལ་བའི།
མཛའ་སེམས་དང་ཚོར་བའི་སྒྱོགས་ཆེན་དམར་པོ།
སྐད་ཅིག་སྐད་ཅིག་ལ་ལེ་དབར་སྟོང་ཕྲག་ཏུ་འཕུར་ཏེ།
རྣམ་ཤེས་ཀྱི་མཁར་རྫོང་དུ་འཐམ་འཁྱུད་བྱེད་པར་བརྩོན།

ཐོག་མར་དགེ་བ་དང་བར་དུ་དགེ་བ་སྟེ།
ཐ་མར་དགེ་བའི་ཀླད་གཞུང་མཇུག་གསུམ་གྱིས།
བརྩེ་དུང་གི་རྫོགས་པ་ཆེན་པོ་འགྲུབ་པར་འདོད།

ཚིག་གིས་དོན་མཚོན་མི་ཐུབ་པའི་ཁ་སང་ཁས་ཉིན།
ངེད་གཉིས་རྩོད་གླེང་གིས་ཚིག་མཚོན་འདེབས་རེས་བྱས།

སྐྱོན་གྱིས་མ་གོས་པའི་གླེགས་བམ་ཞིག་བཞེང་རྒྱུ་ནི།
བརྩེ་དུང་གི་དྲང་སྲོང་ཆེན་པོ་བདག་གིས་དྲན་མ་མྱོང་ཞིང་།
དཀའ་ཚེགས་མི་དགོས་པའི་རིན་ཐང་ཞིག་འཚོལ་སྙེག་མི་བྱ།

ལབ་གླེང་གི་མཆན་དཀྱུས་སུ་ཤོར་བའི་འཆོལ་ཉོག་གིས།
སྙིང་སྡུག་མའི་ཡིད་དབང་འཁྲུག་ཏུ་བཅུག་པ་ཐེངས་འགའ་མིན།
རེད་དེ། མོ་རང་གི་ལྷག་བསམ་དང་ངང་རྒྱུད་ཀྱི་ཆུ་བོ་རིང་བས།
དྲྭ་ལམ་ནས་ནག་གསུབ་བཏང་ཡང་སེམས་ནང་དུ་འཇིག་པ་མེད།

ངེད་གཉིས་ལ་མདོ་ལུགས་ཀྱི་ཚུལ་ཁྲིམས་དང་།
སྔགས་ལུགས་ཀྱི་དམ་ཚིག་ཏུ་འབོད་པ་མེད་ཀྱང་།
དྲང་བདེན་སྐྱོང་བའི་ཀུན་སྤྱོད་ཀྱི་རྒྱུ་འབྲས་ཡང་དག་ཡོད།

ཀུན་སྤྱོད་ནི་ནང་སེམས་སུ་མངའ་བ་ཞིག་སྟེ།
དེང་རབས་དངོས་ཆས་གློག་མིག་ལས་ལྷག་པའི།
རང་འགན་རང་ཁུར་གྱི་བདེན་དྲང་གི་རྒྱ་མ་ཡིན་ཙ་ན།
གཞན་གྱིས་སྐུལ་འདེད་དང་དྲན་གསོ་བྱ་མི་དགོས་ཏེ།
རང་ཉིད་ཀྱིས་རང་ཉིད་ཡོ་བསྲང་བྱེད་པའི་བདེན་དཔང་ངོ་།།

༢༠༢༤-༡༠-༤

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།