Back To Top

ཁ་བྱང་གིས་མཚོན་དཀའ་བ་ཞིག

བཀླགས་གྲངས། 422

ལུགས་ལྡོག་གིས།

དགུང་ཨ་སྔོན་གདན་དུ་བཏིང་ཞིང་།
ས་ནག་པོ་ཉལ་ཆས་བྱས་ནས།
དམྱལ་ཁམས་ཀྱི་དག་ཞིང་བགྲོད་དུས།
ལུ་གུ་སྤྱང་ལྤགས་གྱོན་མཁན་ཞིག་ཡོང་སྟེ།
ལུགས་ལྡོག་ཁྱོད་ནི་འཇིག་རྟེན་གྱི་མགོན་རེད་ཟེར།

རྨི་ལམ་རྨི་བཞིན་པ་ཡིན་ནམ། ཡང་ན།
འཁྲུལ་སྣང་གི་དབང་དུ་ཤོར་བ་ཨེ་ཡིན་སྙམ་སྟེ།
རང་ཉིད་ཀྱིས་རང་ཉིད་བཙལ་ཀྱང་ཅི་ཡང་མ་རྙེད།

ཁ་སྣ་ནས་བཤང་གཅི་འཛད་མེད་དུ་བཞུར་ཞིང་།
བཤང་སྒོ་ནས་ཁ་ལུད་སྣབས་ལུད་རྦབ་ཆུ་ལྟར་འབབ།

ང་རང་བུད་མེད་བགྲེས་མོ་ཞིག་ལ་མནའ་མར་སོང་བ་དང་།
བུ་མོ་མཛེ་རོ་མ་ཞིག་ང་ལ་མག་པར་ཡོང་གིན་པར་འཕྲད་དེ།
ངས་ཁ་བཏགས་དཀར་སེང་བ་ཞིག་གིས་རྟེན་འབྲེལ་ཞུས།

སྟོན་པ་གཙོ་འཁོར་གསུམ་གྱི་མགུལ་བར་དཔྱང་བ་དེ།
དགོན་བདག་ཚོན་པོ་ཞིག་གི་གསང་དོར་རྙིང་རལ་དེ་རེད།

ཕྱུག་བདག་ཚོའི་བརྒྱད་སྟོང་པ་འདོན་མཁན་གྱི་ཨ་མཆོད་ནི།
ཁྱིམ་མཚེས་ཚང་གི་ཡུགས་མོ་ཁེར་འདུག་མ་དང་།
མིང་འབོད་མི་ཕོད་པའི་ཁ་འཁོར་མ་བཤད་ཁ་མ་སྟེ།
མཚན་མོར་ཝ་མོ་བཞོན་ཏེ་གང་སར་རྒྱུ་བ་རྣམས་རེད།

རྒྱ་བླ་ཞལ་རས་དཀར་པོ་འཛུམ་མདངས་ཅན་རྣམས་ཀྱིས།
གཞོན་ནུ་མ་ཚོའི་གསང་དོར་དཀར་སེར་དམར་ལྗང་བཏེགས་ཏེ།
དད་ལྡན་མིག་ཆུ་འདོན་བཞིན་པ་རྣམས་ལ་ཚེ་དབང་བསྐུར།

བཀའ་བསྟན་གྱི་གླེགས་བམ་གསེར་བྲིས་མའི་སྟེང་དུ།
ཆོས་བརྒྱུད་ཀྱི་བླ་ཆེན་རྣམས་འཛུམ་གྱི་ལེར་བཞུགས་ནས།
ཤཱཀྱ་ཐུབ་པ་སྤྲང་པོ་རྐང་རྗེན་མ་ཡིན་རབས་བཤད་དེ།
དེང་རབས་ཀྱི་ནང་བསྟན་དཔལ་འབྱོར་རིག་པའི་གྲོས་ཁ་བསྡུར།
མཐར་ཐུག་གི་ཆོད་གན་དང་གསལ་བསྒྲགས་ཀྱི་སྙིང་པོ་ནི།
ཁྱིམ་མེད་པ་ནས་ཡོད་པའམ་འགྲན་རྩོད་བྱ་རྒྱུ་དེ་རེད།

ལང་ཚོ་དར་ལ་འབབ་པའི་ཁྱོ་ཤུག་གཉིས་ཡོང་སྟེ།
བླ་ཆེན་ཞིག་ལ་བྱིས་པ་སྐྱོང་སྟངས་ཀྱི་བཀའ་སློབ་ཞུས།

ཉིན་དེར་འུག་པ་དགོད་ཅིང་རུས་སྦལ་ནམ་མཁར་འཕུར།

༢༠༢༤-༡༠-༢༢

2024-11-16 ཤེད་བུ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།