Back To Top

ངན་པ་དགུ་འཛོམས།

བཀླགས་གྲངས། 763

ལུགས་ལྡོག་གིས།

ང་རང་གྲོང་གསེབ་དབེན་ས་ཞིག་ཏུ་བསྡད་དེ
ནུབ་ཕྱོགས་སུ་གནས་སྡོད་བྱེད་ཀྱིན་པའི
བོད་ཕྲུག་ལོ་ན་བཅུ་གཉིས་ཅན་ཞིག་གི་ཆེད་དུ
ལ་དོན་གྱི་སྒྲ་སྦྱོར་སྟབས་བདེ་ཞིག་བསྒྲིགས་ཚར་ཙ་ན
གྲོགས་པོས་འཕྲིན་ཐུང་ཞིག་བསྐུར་བ་དེར
དེ་རིང་ངན་པ་དགུ་འཛོམས་ཡིན་པ་གསལ


དགའ་སྣང་གློ་བུར་བ་ཞིག་གིས
དེ་རིང་ནི་བྱ་བ་ཞིག་གི་མགོ་ངེས་པར་བརྩམ་དགོས་ལབ་སྟེ
རྒུན་འབྲུམ་སྤར་གང་ཙམ་བཀྲུས་ནས་ཟ་ཞོར་དུ
ཕྱི་ལོགས་ཀྱི་རྭ་སྐོར་དུ་ཡི་གེ་འདི་འབྲི་བཞིན་པ་ཡིན


སྤྱིར་ན་ངན་པ་དགུ་འཛོམས་ཉིན་མོ་རུ
བྱ་བཟང་ཞིག་གི་མགོ་རྩོམ་པའི་གོམས་གཤིས་ཡོད
ཡིན་ཡང ད་ལོར་སྟ་གོན་བྱེད་ལོང་མ་བྱུང


སྤྱི་ལོ་གསར་བཞད་ཀྱི་ཡིག་འབྲིའི་མགོ་རྩོམ་པའང
ངན་པ་དགུ་འཛོམས་ཀྱི་ཉིན་མོ་འདི་འོས་འཚམ་རེད་འདོད


ཡང་གཅིག་བཤད་ན དེ་རིང་ཞོགས་པར
བོད་ནང་གི་གཅེས་ཕྲུག་ཕལ་བ་ཞིག་དང་མཉམ་དུ
མདུན་སྐྱོད་ཀྱི་གོམ་པ་སྤོ་མགོ་བཙུགས་པ་ཡིན་པས
མ་བསྒྲིགས་རང་འགྲིགས་ཀྱི་རྟེན་འབྲེལ་བཟང་སྙམ


ད་ལོའི་ངན་པ་དགུ་འཛོམས་དེ་ཏག་ཏག་ཤེས་ཡོད་ན
ངས་ལྷུག་རྩོམ་མམ་སྒྲུང་ཐུང་ཡིན་ལ་མིན་ལ་ཞིག
འབྲི་མགོ་འཛུགས་པའི་འཆར་སྣང་ཡང་བསྒྲིགས་ཚར་ཡོད་ངེས


རྒུན་འབྲུམ་གྱི་བཅུད་དང་ངན་པ་དགུ་འཛོམས་ཀྱི་གཏམ་བཟང་ནི
བདག་གི་སེམས་པ་སྤྲོ་ཞིག་རྟོག༡་པ་འཕེལ་བའི་ཉམས་ཀྱང་ཡིན


ཆོས་ལུགས་ཀྱི་མཛད་སྒོ་མིན་ཞིང་སྲིད་ལུགས་ཀྱི་བྱེད་སྒོ་མིན་པའི
བདག་གི་གྲུབ་མཐའམ་འཚོ་བའི་མེ་ལོང་གི་གཟུགས་བརྙན
ངན་པ་དགུ་འཛོམས་ཀྱི་སྟེགས་བུ་འདིར་རྨང་འདིང་བ་ཡིན་ནོ

༢༠༢༥-༡-༥ རེས་གཟའ་ཉི་མ།


༡༽ ཉམས་དེ་ཉམས་རྟོགས་ཀྱི་ཉམས་ལ་གོ་ཆོག་ཀྱང་རྟོག་ཡང་འཇུག་མེད་པ་འདི་ཆེད་དུ་སྤྱད་པ་ཡིན།

2025-01-05 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།