བཀླགས་གྲངས། 914
ལུགས་ལྡོག་གིས།
ཁེར་རྐྱང་གིས་བསམ་གཞིགས་ཀྱི་དབྱངས་དཀྲོལ་དུས།
འུ་ཅག་ཚང་མ་འགྲིག་ཡོད་པའི་སྣང་བ་དག
རྩ་བ་གསུམ་མམ་དཀོན་མཆོག་གསུམ་པོ་སྟེ།
སངས་རྒྱས་བྱང་ཆུབ་སེམས་པའི་ཚོགས་ཀྱང་།
འུ་ཅག་ལ་བརྟེན་ཡོད་པ་ཏན་ཏན་རེད་ཡ།
འུ་ཅག་སྟེ། དམེ་བོ་དང་བཤན་པའི་ཚོགས་སམ།
མ་རུང་བར་འབོད་པ་རྣམས་མེད་པའི་དབང་དུ་བཏང་ན།
འདྲེན་པ་བླ་མེད་རྣམས་ཀྱང་ལས་མེད་ཡིན་ངེས།
ཁོ་ཚོ་ལའང་བླ་ན་མེད་པའི་གོ་ཐོབ་མེད་ཅིང་།
བཀུར་བསྟི་བྱེད་མཁན་ཡང་ཡོད་མི་སྲིད།
འདི་ལྟར་བསམ་གཞིགས་བྱས་ན།
འུ་ཚོ་ཚང་མ་འགྲིག་ཡོད་པ་སྨོས་ཅི་དགོས།
གནའ་ནས་ད་བར་དུ། སངས་རྒྱས་དང་སེམས་ཅན་གཉིས་ཀ
ཡོན་བདག་མཆོད་ཀྱི་ཚུལ་དུ་འབྲེལ་བ་ཟམ་མ་ཆད་པར་གནས།
གནམ་ས་གཉིས་གོ་ལྡོག་པའི་དབང་དུ་བཏང་ན།
སེམས་ཅན་གྲངས་མེད་ཀྱི་གཅིན་སྐྱག་གཉིས་ཀ་ནི།
སངས་རྒྱས་བྱང་སེམས་ཚོའི་རྒྱུ་ནོར་མིན་ན་ཅི་ཞིག་ཡིན།
ཁྱོད་ཀྱིས་ནོར་སོང་དང་ང་རང་འགྲིག་ཡོད་མ་ཟེར།
གནས་ལུགས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་གཤིས།
སངས་རྒྱས་དང་སེམས་ཅན་ཡོད་དོ་ཅོག་ཁྲིམས་འོག་པ་ཡིན།
འདི་ལྟར་བལྟས་ན། འུ་ཚོ་ཚང་མ་འགྲིག་ཡོད།
རྟེན་ཅིང་འབྲེལ་འབྱུང་ཡིན་པས་སོ།།
༢༠༢༥-༡-༡༨


ཁ་ཆེ་བུ་མོ་འདི་མོ་ཞིག་ཡོད་ཨ།