བཀླགས་གྲངས། 839
ལུགས་ལྡོག་གིས།
ཀློག་པ་པོ་རྣམ་པ་ལགས། ཁ་སང་སྤྱི་འཐུས་གྲོས་ཚོགས་གྲོལ་བ་དང་དེ་རིང་ཕྲན་གྱིས་ཐུན་མོང་སྔོན་འགྲོའམ་ལམ་རིམ་ནང་གི་གཉེན་པོ་སྟོབས་བཞིར་སྦྱར་བའི་ཡིག་ཚོགས་ཤིག་སྤུང་རྒྱུ་ཡིན། ནོར་འཁྲུལ་ཅི་མཆིས་ལ་མཚང་འབྲུ་དང་བཀའ་བཀྱོན་གཏང་རྒྱུ་མ་རྗེད།
དང་པོ། རྟེན་གྱི་སྟོབས།
རྒྱ་གར་བྱང་ཕྱོགས་དྷ་རམ་ཤཱ་ལའི་གངས་ཅན་སྐྱིད་གཤོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་མོལ་དང་བགྲོ་གླེང་གི་ལས་ལ་བརྩོན་པའི་བཀའ་སྤྱི་གཉིས་ཀྱི་མདུན་དབུས་ན། ཡབ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཡུམ་ཚོགས་གཞོན་སྒྲོལ་མ་ཚེ་རིང་གཉིས་སྒེག་ཉམས་འཛུམ་མདངས་དང་བཅས་མཉམ་དུ་སྦྱོར་ལ་ཁད་བྱེད་པ་སྟེ། ཡབ་ཀྱི་མགོ་སྤྱི་ཐེར་གནས་བརྟན་ཆེན་པོའི་ཚུལ་གྱིས་ཕྱག་གཡས་པས་ཁྲིམས་ཀྱི་ཐོ་བ་དང་གཡོན་པས་བཅའ་ཁྲིམས་བཟུང་ནས། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཤིང་ལིངྒའི་རྩེ་ཡུམ་ཕྱོགས་སུ་གཏད་པ་དང་། ཡུམ་ཆེན་མོ་རལ་བའི་ཅོད་པན་འཆང་བ་སྐུ་མདོག་སྐྱ་ལ་སེར་བ། གཡས་པས་སྨྱུ་གུ་དང་གཡོན་པས་ཟིན་ཐོ་ཐོགས་པ། ཞལ་ཡབ་ཕྱོགས་སུ་ཕྱོགས་ཤིང་ཞབས་པདྨའི་སྐྱིལ་ཀྲུང་གིས་མཉམ་སྦྱོར་བདེ་བའི་ཏིང་ངེ་འཛིན་ལ་ཐུགས་སྙེལ་མེད་དུ་བཞུགས་སོ། །
གཉིས་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས།
སྲིད་སྐྱོང་བཀའ་སྤྱི་འཁོར་བཅས་གདན་ལ་བཞུགས་ཏེ་རྟེན་ཚོགས་གཙོ་ཡབ་ཡུམ་གཉིས་ཀྱི་ཁྲིམས་དང་སྒྲིག་གཞི་གཞི་ལ་བཞག་སྟེ། ལས་མཐུན་སྤྱི་འབངས་ཀུན་ཀྱི་བདེ་སྡུག་ཞུ་བའམ་ཕྱོགས་བསྐྱོད་ཀྱི་མཐོང་ཐོས་རྣམས་ཡིད་ལ་གང་དྲན་དང་ཟིན་བྲིས་སུ་ཅི་ཐེབས་རྣམས་ཞུ་བཞིན་དུ། རང་རང་གི་ཆེ་བ་འདོན་པའམ་གཏམ་ཁ་ལྕེའི་ནུས་པ་སོགས་ཟུར་དང་ཤུགས་ནས་མངོན་དུ་བཅུག་སྟེ། ཚོགས་གཙོ་སྦྲེལ་པོ་ཡབ་ཡུམ་གྱི་སྙན་དུ་གསོལ་ཞིང་རྒྱང་སྲིང་གི་མཛེས་པའི་རྒྱན་ཆར་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་བཤད་ཅིང་། རང་ཉིད་ཀྱི་ཁ་ཕོར་གཙིགས་ཆེན་བྱེད་པའི་ངལ་བ་འཛེམ་མེད་དུ་མཛད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སུ་གཟུངས་སྔགས་ཡིད་ལ་བཟླ་མི་དགོས་པ་ནི་བོད་པ་ཡིན་པའི་ཆ་ནས་བོད་སྐད་ཀྱི་ཚིག་སྨྲ་བས་འཐུས་པ་སྟེ། ཚིག་དེ་ནི་ངག་ལ་བདེ་ཞིང་ཡིད་ལ་གང་དྲན་བཤད་ཆོག་པའི་ལས་རིམ་རྣམ་གཞག་ཅེས་པ་དང་ལག་པས་མདུན་ཅོག་བརྡུང་རྒྱུ་དེ་རེད། ལས་རིམ་རྣམ་གཞག ལས་རིམ་རིམ་རྣམ་གཞག ལས་རིམ་རྣམ་གཞག ་་་་་་་་་་་་་་་་་་་་་་་གཞག་ཅེས་སྔོན་རྩིས་འགྲོ་གྲོན་གྱི་གྲངས་ལས་བརྒལ་མེད་དམ་བསམ་པ་བགྲངས།
གསུམ་པ། སུན་འབྱིན་པའི་སྟོབས།
སྲིད་སྐྱོང་དང་བཀའ་བློན་ཚོས་བརྒྱུད་རིམ་འདི་དང་གནད་དོན་འདི་ཞེས་ཡང་དང་བསྐྱར་དུ་བཤད་པ་ན། སྤྱི་འཐུས་ཁག་ཅིག་ནི་མདོ་སྡེ་བ་ལྟར་ལུང་གི་རྗེས་སུ་འབྲངས་ཏེ་ཡིན་ཤག་ཤག་གིས་ཁུ་སིམ་མེར་བསྡད་པ་དང་། ལ་ལས་ནི་ང་རང་གི་བསམ་ཚུལ་ཡིན་ཞེས་གཞུང་ལུགས་ལས་བརྒལ་ཏེ། སྲིད་ཇུས་ཐམས་ཅད་སེམས་ཙམ་དུ་བཀྲལ་བའམ་སེམས་ཙམ་པའི་གྲུབ་མཐའ་གསར་པ་རེ་འཛིན་གྱིན་པ་འདྲ། རང་རང་ས་ནས་དབུ་མའི་གྲུབ་མཐའ་རེ་བཟུང་ཡོད་པ་དང་འདོད་སྟངས་མི་གཅིག་པས་ན་གྲོང་ཚིག་དང་ཕལ་སྐད་ཀྱི་གཟེར་མ་གཞུས་པ་ན། སྲིད་སྐྱོང་གིས་དབུ་མ་ཐལ་འགྱུར་བའི་ལུགས་ཀྱིས་འདི་ལྟར་བསྙད་ཅེས་དགག་ལན་དང་མཚན་གཞི་བཀོད་པ་མ་ཟད། རྟགས་ཙམ་མ་གྲུབ་ཚུལ་དང་ལུང་དོན་གཞག་དགོས་བྱུང་སྟེ་ཕར་འཐེན་ཚུར་འཐེན་གྱི་གནས་སུ་གྱར།
ཟབ་ཅིང་བྱེ་བྲག་སྨྲ་བའི་མཁན་དགེ་རྣམས་རིས་ཀྱིས་ལངས་ཏེ། བོན་པོ་ཚང་གི་བླ་མེད་རྫོགས་ཆེན་གྱི་རྒྱལ་བ་དགོངས་བརྒྱུད་དགུ་པའམ་འཇའ་ལུས་འཕོ་ཆེན་ཉེར་བཞིར་སྦྱར་བའི་སྐད་ཆ་ཨེ་ཡིན་བསམ་པ་རེ་བཤད་ཡོང་བ་དང་། སྔ་འགྱུར་རྙིང་མ་ཚང་གི་ཐུན་མིན་གྱི་ཁྱད་ཆོས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་མིན་ནམ་སྙམ་པའི་འཇོག་ལུགས་རེ་བཀྲལ་ཡོང་བ་སྟེ། རྒྱལ་བ་བཀའ་བརྒྱུད་ཚང་གི་དབུ་མ་གཞན་སྟོང་ཡིན་ལ་མིན་ལ་སྟེ་རིང་ལུགས་ཤིག་འདོན་ཡོང་བ་དང་། དཔལ་ལྡན་ས་སྐྱ་བ་ཚང་གི་ཞེན་པ་བཞི་བྲལ་ཞེས་པའི་འདོད་ལུགས་ཐུན་མིན་དེ་ལོས་ཡིན་སྙམ་པ་ཞིག་བཀྲལ་བ་མ་ཟད། མཁན་པོ་རྒྱ་བོ་ཁ་རུ་ཁ་ཐུག་དེ་ལ་ཆབ་སྲིད་ཀྱི་དྲི་མེད་པ་འདྲ། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཁོ་ནི་སྲིད་སྐྱོང་གི་ཕྱོགས་ཅིས་ཀྱང་ཡིན་པའི་ཚོར་སྣང་སྐྱེས། རྒྱུ་མཚན་ནི། སྲིད་སྐྱོང་ལ་རྒོལ་བ་བྱེད་ཞོར་དུ་རང་མགོ་གཞུ་བའི་སྐད་ཆ་རྐྱང་རྐྱང་བཤད། ཕར་བལྟས་ཚོད་ལ་སྨྱ་ནེ་སྨྱོན་ནེ་ཞིག་གི་ཚུགས་ཀ་མཆིས་ཀྱང་། རི་ཇ་སྐོལ་སར་མཉམ་དུ་སོང་ན་ཤ་དང་ཇ་ལ་དགའ་བའི་མྱི་སྐྱིད་པོ་ཧ་ཧ་ཧུ་ཧུ་བྱེད་མཁན་ཞིག་ཡིན་ས་རེད་བསམས། རི་བོ་དགེ་ལུགས་པའི་དབུ་མ་རང་སྟོང་འགྲེལ་གྱིན་མེད་དམ་སྙམ་པའི་ལས་རིམ་རྣམ་གཞག་དེ་ལ་གོ་རིམ་ཡོད་བཟོ་མཆིས་ཀྱང་། ཁྲམ་པ་དང་ཇག་པའི་གཤིས་ཀ་ཞིག་མཚམས་མཚམས་སུ་མངོན་ཡོང་གི་འདུག་ཨང་།
སུན་དང་འབྱིན་གཉིས་ཀྱི་དབྱེ་བ་དང་རྣམ་གཞག་ཁོ་ཚོ་ལ་ཡོད་མེད་མི་ཤེས་ནའང་། “གལ་ཏེ་ང་ནོར་མེད་ན་”ཞེས་པ་དེར་ཉན་དུས་བསམ་བློ་གཏིང་ཟབ་གཏོང་བཞིན་པ་མཚོན། ཡིན་ཡང་། དེའི་རྒྱབ་ལྗོངས་ནི་རང་ཉིད་ནག་སར་མི་ལྟུང་བའི་སེམས་ཁྲལ་ཞིག་ཡིན་ཚོད་གདའ། བར་སྐབས་ཤིག་ཏུ་གྲོས་ཚོགས་ནང་དུ་བདག་མེད་གཏན་ལ་འབེབས་བཞིན་པ་ལྟ་བུའི་སྐད་ཆ་བྱུང་། ཤེས་རིག་བཀའ་བློན་དང་དགེ་བཤེས་ལྷ་རམས་པས་རྩོད་ཀྱིན་པ་དེ་གཏིང་ཟབ་པའམ་མཇུག་མེད་པ་ཞིག་ཡིན་ཙ་ན། སེམས་ཁམས་རིག་པ་བ་Sigmund Freud ཡིས་མི་གཤིས་ཀྱི་གྲུབ་ཆ་ཁག་གསུམ་དུ་གསུངས་པའི་གཞི་རྩའི་བདག་དང་བདག་རང་། བདག་ལས་འདས་པ་གསུམ་གྱི་གང་རུང་ཞིག་ཡིན་ནམ་སྙམ་སྟེ་མཉན་པ་ན། གྲྭ་ཚང་གཅིག་པའི་བདག་གམ་ཕ་ཡུལ་གཅིག་པའི་བདག་ལྟ་བུ་ཞིག་ཏུ་གྱུར་ཏེ་རབ་རིབ་ནས་མི་གསལ་བར་གྱུར།
བཞི་པ། སླར་ལྡོག་པའི་སྟོབས།
སྡིག་སྒྲིབ་སྦྱོང་བའི་གནས་སམ་མཐོལ་བཤགས་ཀྱི་དམིགས་འདུན་དང་ལྟ་ཚུལ་སྣ་ཚོགས་མཆིས་ཏེ། མགོ་སྲིད་སྐྱོང་དང་ཚོགས་གཙོ་མན་ཆད་ནས་དགོངས་སེལ་ཞུ། ནོར་འཁྲུལ་དང་ཉེས་སྒྲིབ་འདག་པར་ཞུ། བསྐྱར་དུ་དེ་ལྟར་མི་འབྱུང་བའི་ཁས་ལེན་ཡོད་ཅེས་གསུང་གིན་གསུང་གིན་ནག་པོའི་ཆ་རྣམས་བསུབ་ཅིང་དཀར་པོའི་ལམ་དུ་ཞུགས། ཡིན་ཡང་། ཡ་ང་སྙིང་རྗེ་བྲལ་བའི་གཤེད་མའི་ལུས་ངག་འཆང་བའི་ཚོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་གཅིག་གིས་གཅིག་གི་ནོར་འཛོལ་རྣམས་རྒྱུ་མ་ཕུ་འདེད་བྱས་ནས། སྨྲ་བའི་ལྕེ་མི་ངལ་ཡང་ཉན་མཁན་ཚོའི་རྣ་བ་ཉོབ་སྟེ་སྐད་སྒྲ་ཐམས་ཅད་མི་སྡུག་པར་ཚོར་བའི་ཚད་དུ་བསྐྱལ། འོན་ཀྱང་། དྲི་ཟ་རེ་ལྟོས་ཀྱི་རིགས་སུ་གཏོགས་པའི་ཟ་འགོད་པ་ལ་བཤད་རྒྱུ་སྤེལ་རྒྱུ་རེ་བྱུང་བ་ནི་བྱ་ཁུ་བྱུག་གིས་གནམ་ཆུར་སྒུག་པའི་མཁོ་སོད་པར་གྱུར། རེད་དེ། གསར་འགོད་ཀྱི་ལས་རིགས་ལ་སློབ་སྦྱོང་མེད་ཅིང་ཉེན་ཁར་སྡར་མའི་གཤིས་ཀ་མངོན་པའི་ཟ་འགོད་པ་ཙམ་ལ་བལྟོས་ཏེ་བཤད་ན། འགྲིག་གི་འདུག འགྲིག་གི་འདུག་ཙམ་ལབ་ན་འོས་འཚམ་རེད་འདོད།
འོ་ན། ཁྱོད་ཀྱིས་རྒྱང་སྲིང་ལ་བལྟ་དོན་ཅི་ཡིན་ཟེར་ན། ང་ནི་རྒྱལ་ཁབ་དང་མི་རིགས་ལ་ཞེན་པ་ཆེ་བའི་མི་ཞིག་མིན་མོད། ཡིན་ཡང་། གཅིག་ན། གུས་ཞབས་མཚོན་བྱེད་དུ་ཡུ་ཁྲོབ(YouTube)ནང་གི་རྒྱང་སྲིང་ལ་བལྟས་པ་ཡིན། མཆན་རེ་འདེབས་འདོད་ཀྱང་འདེབས་ས་མ་མཆིས་པས་ལྟ་ཉན་ཙམ་གྱིས་ཡིད་ཚིམས་པ་བྱས། གཉིས་ན། མི་སྣ་འབྲི་བཞེངས་ལ་དགོས་མཁོ་རེ་སྐོང་ཆེད་དང་། གསུམ་ན། འཁོར་བར་ངེས་འབྱུང་སྐྱེ་བའི་དཔེ་མཚོན་རེ་ཨེ་རྙེད་བསམས་ཏེ་ལྟ་ཉན་བྱས། ཆབ་སྲིད་ཀྱི་གཡོ་འཕྲུལ་ལ་བག་མི་ཚ་བ་ཚོར་དགའ་མོས་ཁྱོན་ནས་མེད་ཀྱང་། སྲིད་དབང་གཅིག་སྡུད་རིང་ལུགས་པ་ཚོའི་ཐད་དུ་བཞག་སྟེ་བློ་ཡིས་གཞིགས་ན། དེང་རབས་ཀྱི་དཔལ་ཡོན་དམངས་གཙོའི་ལམ་ལུགས་ཡིན་ཤག་ཤག་གིས་སྤོབས་པ་སྐྱེས། བསམ་བློ་མ་བཏང་སྟེ་ལྟ་ཉན་བྱེད་མཁན་ནམ་དམངས་ཀྱི་བདེ་སྡུག་མི་ཚོར་བའི་སྒེར་གཅོད་པ་ཞིག་གིས་བལྟས་ན། ད་ཐེངས་ཀྱི་གྲོས་ཚོགས་སུ་གླེང་གིན་པའི་དཀའ་ཁག་གླང་ཆེན་དང་བ་ཕྱུགས། རྨ་བྱ་དང་གྲོག་མ་སོགས་ཀྱི་དཀའ་ངལ་གླེང་བ་ནི་མགོ་མཇུག་མེད་པ་ཞིག་རེད་བསམ་ཡང་། སྤྱི་དམངས་ཀྱི་བདེ་སྡུག་ཆུང་ངུའམ་ཙག་ཙིག་ཚུན་ཆད་སྲིད་གཞུང་གི་མདུན་དུ་གླེང་བཞིན་པ་ནི་ངོམ་དུ་རི་བ་ཞིག་ཏུ་ཅིས་ཀྱང་སྨྲ་འོས་པ་རེད། དེ་ན་ཁྱོད་ཀྱིས་ཁ་གཅིག་གི་ནང་ནས་ལྕེ་གཉིས་འགུལ་གྱིན་པ་མིན་ནམ་ཟེར་ན། ཡ་མཐའ་དེང་རབས་ཀྱི་དཔལ་ཡོན་དམངས་གཙོ་ལ་བལྟོས་ཏེ་སུན་གཏམ་བཤད་པ་མ་གཏོགས་མ་མཐའི་སྒེར་གཅོོད་ལམ་ལུགས་དང་བསྡུར་ས་མེད་པ་ནི་འགྲོ་བ་མི་ཞིག་ཡིན་པ་ནས་ཤེས་རྒྱུ་རེད།
མཇུག་བསྡུ་བའི་སྐད་ཆ་ནི་དྲི་བ་ཞིག་དང་བཅས་ཏེ་མཚམས་བཞག་ན། བོད་མིའི་སྒྲིག་འཛུགས་དེ་དབུ་མའི་ལམ་གྱི་གཞུང་ཡིན་ཚེ། རང་བཙན་རྩོད་མཁན་ཡིན་ཟེར་ཞོར་དུ་ལམ་དབུ་མའི་རྐུབ་སྟེགས་དེར་བསྡད་པ་ནི་རང་གི་ཁེ་ཕན་དང་ལྟོ་ཕོར་དོར་མ་ཐུབ་པའི་དོགས་པ་སྐྱེས། རང་བཙན་རྩོད་མཁན་རྣམ་དག་རེ་ཡོད་ན་སྙིང་ནས་དགའ་ཞིང་སྨོན་པའི་གནས་ཡིན་མོད་ཀྱང་། གཟིག་ལྤགས་གྱོན་པའི་བོང་བུའི་ཚོགས་ཤིག་བདོ་ཡོང་བར་སྙིང་པོ་ཡོད་དམ། ཡོད་སྲིད་དམ་ཞེས་རེ་ཞིག་མཇུག་བསྡུའོ། །
བོད་རབ་གནས་ཤིང་སྦྲུལ་ལོ་༢༡༥༢་བོད་ཟླ་༢་ཚེས་༣་རེས་གཟའ་མིག་དམར་ཉིན། རྒྱ་གར་ལྷོ་ཕྱོགས་ཀྱི་ཉིན་གུང་ཚད་པ་ཆེ་སྐབས་སུ་ཡིག་འབྲི་བ་ལུགས་ལྡོག་གིས་གྱོན་ཆས་མཐུག་པོ་གྱོས་ནས། འབུད་ཤིང་སྐམ་པོ་དང་ཨོང་བས་མེ་ཆེན་སྦར་ཏེ་ཟ་མ་སྐོལ་ཞོར་དུ་ཉེ་བའི་གྲོས་ཚོགས་དེ་གཉེན་པོ་སྟོབས་བཞི་ལ་སྦྱར་ཏེ་བྲིས། ཨོཾ་བཛྲ་སཏྭ་ཧཱུཾ།