Back To Top

སྒྲ་སྤྱིའི་ནང་གི་མོན་ཡུལ།

བཀླགས་གྲངས། 831

ལུགས་ལྡོག་གིས།

ང་རང་མོན་ཡུལ་དུ་ཡོང་ཁའི་ནུབ་མོ་དེར། ཕ་བོང་ཆེན་པོ་ཞིག་གི་འོག་ཏུ་མེ་ཏོག་གློ་ཁ་ཞིག་སྐྱེ་བཞིན་པ་རྨིས་སོང་། རྨི་ལམ་ལ་ཆ་འཇོག་ཡོད་མེད་ཅི་བཤད་ཀྱང་ཆོག ང་རང་ལ་རྨི་ལམ་དེས་བག་ཆགས་ཟབ་མོ་ཞིག་བཞག སྤྱི་ལོ་༢༠༢༥་ཟླ་༥་པའི་ཚེས་༧་གྱི་ཞོགས་པར་ལྷོ་ཕྱོགས་བྷེང་ལོ་རུ་ནས་གྷོ་ཝ་ཊིའི་གནམ་ཐང་བར་འཕུར། དུས་ཚོད་གསུམ་ཡས་མས་སུ་ནམ་མཁར་འཕུར་བའི་རིང་གི་ཚོར་སྣང་དང་སྤྲིན་ཚོགས་འདུ་ལོང་བྱེད་པ་ནི་ཡིག་འབྲི་བ་ཞིག་ལ་མཚོན་ན་གལ་ཆེན་ཞིག་སྟེ། རྣམ་རྟོག་ལ་མཐའ་མེད་པ་ལྟར་འཆར་སྣང་གི་འཇིག་རྟེན་རང་དབང་བ་ཞིག་བསྐྲུན་ཐུབ།
མཁའ་ལམ་དང་ས་ལམ་བརྒྱུད་དེ་མོན་ཡུལ་དུ་འབྱོར། གནམ་གཤིས་དང་ས་བབ་ཀྱི་ཆ་ནས་རང་ཡུལ་ཞེས་པའི་ཐ་སྙད་ཡིད་ལ་ལམ་མེར་འཆར་ཡོང་། ང་རང་ཆུང་ཆུང་བྱིས་པ་སྣབས་ལུག་ཡིན་དུས། སྟོན་ཕྱོགས་སུ་ཁྲུང་ཁྲུང་དང་ཁུ་བྱུག འོལ་བ་དང་ངང་པ་སོགས་འདབ་ཆགས་མང་པོ་དགུན་ཁར་ལྷོ་ཕྱོགས་མོན་ཡུལ་དུ་འཕུར་བ་རེད་ཟེར་བ་དེ་དྲན་ཡོང་གི་འདུག དེ་ལྟར་དུ་བསམ་ཕོད་པ་དེ་སྒྲུབ་ཕོད་པའི་སྙིང་སྟོབས་ཅན་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྒྲ་སྤྱི་ཞིག་འཆར་ཡོང་། ལོ་རྒྱུས་དང་བག་ཆགས་ཀྱིས་བསླད་པའི་མྱི་སེམས་འདི་ཞེ་སྡང་ཅན་ཞིག་རེད་ཨང་། ཡུལ་མི་ཚོའི་ངག་ནས་བརྡོལ་ཡོང་བའི་སྐད་ཆ་ཞིག་ནི། འདི་ནས་ཕར་ཕྱོགས་ཀྱི་ས་མཚམས་ནི་རྒྱ་ནག་རེད་ལབ་དུས། ངའི་ངག་སྒོར་འཕགས་བོད་ས་མཚམས་ཞེས་པའི་ཚེག་དབར་བཞི་ཅན་པོ་འབུད་ཡོང་། དད་མོས་དང་གོམས་སྲོལ་གྱིས་ས་མཚམས་ཕྱེ་མེད་ཀྱང་རྒྱལ་མཚམས་ཤིག་ཏུ་གྱུར་ཡོད་པ་ནི་དངོས་ཡོད་རེད། མོན་ཡུལ་འདིར་གྲོགས་པོ་མ་ཟད་ངོ་ཤེས་རྙིང་བ་ཞིག་མེད་ཀྱང་། གྲྭ་པ་ཁ་ཤས་བརྒྱུད་དེ་ས་ཆ་གསར་པ་འདིར་ངོ་ཤེས་གསར་པ་མང་ཙམ་བྱུང་། དང་ཐོག་མི་ལ་འདྲིས་དཀའ་བའི་རང་ཉིད་ཀྱི་གཤིས་ཀ་དེས་བར་ཐག་རིང་པོ་བཞག་ཀྱང་། ག་ལེར་ག་ལེར་མོན་པའི་གྱོན་ཆས་དང་ཁུལ་མ་རྩིད་ཀྱི་ཞྭ་ནག་དེ་ལ་དགའ་བར་གྱུར། བུ་མོ་ཞིག་གི་གྱོན་ཆས་དེ་ངས་གྱོན་ནས། གནག་སྣུམ་སྐྲ་ལོ་རང་གི་ལྷན་སྐྱེས་ཡིན། །མོན་མོ་གཅེས་འཇམ་ལྷན་སྐྱེས་བདེ་སྟོང་ཟུང་། །སྔགས་པ་མིན་ཡང་སྔགས་ཀྱི་སྐད་ཆ་འདི། །གྲྭ་ལོག་དཔེ་ཀློག་བར་གྱི་རྟེན་འབྲེལ་ཉིད། །ཅེས་ཁ་མཚར་རྩེས། སྐབས་རེར་ཁྱིམ་ཚང་རེ་འགའི་རིམ་གྲོ་འདོན་དུ་སོང་། དང་པོར་མོན་ཆང་བཏུང་རྒྱུར་མ་གོམས་པའི་དཀའ་ངལ་ཡོད་ཀྱང་། རིམ་གྱིས་རིམ་གྱིས་མོན་ཆང་གིས་བཙོས་ན་མི་ཚོས་པའི་མོན་པ་ཞིག་ཏུ་གྱུར།

ཉིན་ཞིག་མོན་མོ་ལྷ་མཚོ(ལྷ་མཚོ་ནི་ངས་མོ་ལ་བཏགས་པའི་གསང་མིང་ཡིན) ཁྱོད་ཀྱིས་གཅིན་པ་གཏོང་སྟངས་ཤེས་མི་འདུག་ཟེར། ངས། ཚེ་གང་བོར་གཅིན་པ་གཏོང་བ་ཡིན། དེ་མི་ཤེས་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་རེད། གཅིག་བྱས་ན། ཁྱོད་ཀྱིས་ང་ལ་འཁྲིག་སྤྱོད་བྱེད་ཤེེས་ཀྱི་མི་འདུག་ཟེར་ནས་སྐད་ཆ་བསྐོར་ནས་བཤད་པ་མིན་ནམ་ཞེས་ལྡོག་འདྲི་བྱས། མོས། མིན་མིན། ཁ་སང་འུ་གཉིས་སྡོད་སའི་གསང་སྤྱོད་ཁར་གཅིན་པ་སེར་ཐིགས་མང་བ་དེ་ཁྱོད་ཀྱིས་གཏོང་མ་ཤེས་པའི་དཔེ་མཚོན་རེད་ཟེེར། དེ་ནི་ངའི་གཅིན་པ་མ་རེད། ཁྱོད་རང་བུད་མེད་ཚོས་གཅིན་པ་སྦོམ་པོ་གཏོང་གི་ཡོད་པའི་མཚོན་རྟགས་རེད་ལབ་པ་ན། མོ་རང་དགོད་ཀྱིན་དགོད་ཀྱིན་དུ། རྩ་ལང་གིན་དུ་གཅིན་པ་གཏོང་ན་དེ་འདྲ་ཡོང་གི་རེད། ང་ནི་ཡུ་བ་ཅན(ཕོ་མཚན>་མིན་པས་ཁྱོད་རང་ཡིན་ཤག་ཤག་རེད་ཟེར། བགད་བགད་ནས་རྒྱུ་མ་འཆད་ལ་ཁད་ཙམ་དུ་ངོ་ཤེས་གཞན་གཉིས་བྱུང་བས་ང་ཚོ་རི་སྒང་དུ་ཕྱིན། རི་བོའི་གཏོས་དང་ཆུ་ཕྲན་ཏེ། །ལུང་བའི་ཕུ་མདའ་ལྗོན་པའི་ཚོགས། །དད་པའི་ཚོམས་དང་མི་ཡི་གཤིས། །འགལ་ཞིང་མཐུན་ལ་འཇིན་རྟེན་ལུགས། །ཞེས་པའི་སྐད་ཆ་ཐོལ་གྱིས་ཤོར་བ་མང་།
ཉིན་ཞིག་ཕ་ཡུལ་གཅིག་པའི་ཨ་ཁུ་དེས་ཁ་པར་འབྱོར་ནས། རྒད་པོ་བདེའམ། ད་དུང་ཤི་མེད་ཀ སྐྱིད་ཀི་ཨེ་ཡོད་ཟེར། མོན་པའི་མག་པ་ལ། ཁ་སང་ཟས་དུག་ཕོག་ནས་འཆི་ལ་ཁད་དུ་གྱུར། དེ་རིང་ཅུང་དྲག་འདུག་ལབ་དུས། འོ་འོ། མ་བཟང་ཟིག སྨན་ཁང་དུ་ཨེ་སོང་ཟེར། མ་སོང་ཡ། མོན་མོ་ཞིག་ཤིང་སྡོང་སྟེང་འཛེག་བཅུག་སྟེ། ངས་མོའི་འོག་ནས་ཡར་བལྟར་ཏེ། གཅིག་ཐིགས་འགའ་ལྕེ་སྟེང་དུ་བབས་ནས་སངས་དྲག་ཏུ་ཕྱིན་སོང་ཟེར་དུས། མ་རབས། ཁྱོད། ཧེ་ཧེ། ངོ་མ་ཟས་དུག་ཕོག་པ་ཡིན་ས་རེད་བསམས། མོན་ཡུལ་དུ་ད་དུང་ཟས་དུག་སྦྱིན་མཁན་ཡོད་པ་གོ་སོང་ཟེར། སྐབས་དེར། སྤྲིན་པའི་རྒྱུ་ཕྱོགས་དང་རླུང་ཤུགས་དྲག་པོས་ང་ནི་མི་མེད་ལུང་སྟོང་དུ་ཞིག་ཏུ་སྐད་ཅིག་དེ་ཉིད་ལ་འཕངས་སོང་བས། དམྱལ་བ་མནར་མེད་ཟེར་བ་དེ་ཡིན་ནམ། ཡང་ན། རྨི་ལམ་ནང་གི་འགྲུལ་བཞུད་ཡིན་སྙམ་ཙ་ན། དྲེའུ་ཞོན་པའི་བུད་མེད་མཛེས་མ་ཞིག་གློག་དམར་འཁྱུག་འཁྱུག་བྱས་ནས་བསླེབས་ཏེ། ཁྱོད་ཀྱི་རྒྱལ་ཁམས་ཧི་མཱ་ལ་ཡ་ཡིན། རམ་འདེགས་བྱེད་པའི་མཛེས་མ་ཡོད། འཚོ་རོགས་རི་དྭགས་གཅན་གཟན་ཡིན། ཡིན་ཡང་། ཆགས་སེམས་ཀྱིས་ཁྱོད་ཕམ་ངེས་ཡིན་པས་ཉུག་རུམ་ལྟར་དུ་བསྡད་དགོས་ཟེར། ཨ་ཨ་ཨ། དེ་འདྲའི་ཁྲིམས་བཙན་པོ་ད་ང་གྲྭ་གཟུགས་ཡིན་དུས་ཁུར་མ་ཐུབ། ད་ང་རྒད་པོ་གང་དུ་ཤི་ན་ཤི། ཁྲིམས་ཀྱིས་རང་སྐེ་གཅོད་འདོད་མི་འདུག་བོང་ཞོན་ལབ་དུས། ཁ་ཕོ་ཆེ་བ་ཁྱོད། ཁྱོས་ཆུ་ངོགས་གཏམ་རྒྱུད་བཀླགས་ཡོད་ས་རེད། དེའི་ནང་གི་དཔའ་བོ་ཡིན་བསམ་མམ། ཧེ་ཧེ། ཕ་བོང་ཆེན་པོས་གནོན་ཞིང་བཙིར་དགོས་པའི་མི་ད་ཁྱོད་རེད་ཡ་ཟེར། ངས། མོ་ལ། ཁྱོད་དཔའ་མོ་གཟུགས་བཟང་མ་ཡིན་ན། ང་དཔའ་རྒོད་སུང་ཐུང་ཡིན་ན་ལོས་ཆོག་ལབ་ཙམ་ཡོད་དུས། བུད་མེད་དེ་ཡལ་ཟིན་པས་ཁེར་ལབ་བྱ་དགོས་བྱུང་།
གློ་བུར་གློ་བུར་དུ། མོན་གོས་དམར་པོ་གྲྭ་པའི་ཁ་དོག་ཅན། །དགའ་མོས་མེད་ལ་མིག་ལ་གཟན་ན་ཡང་། །མོན་ཞྭ་ནག་པོ་གཙུག་གི་རྒྱན་དམ་པ། །ཟླ་ཕྱེད་ཅོད་པཎ་ཐོགས་པའི་དཔའ་བོར་བསྐྱེད། །འབྱུང་བཞི་གནོན་ཞིང་ཉི་ཟླ་སྒྲ་གཅན་སོགས། །ཞེས་དོན་དག་གསལ་ལ་མི་གསལ་བའམ། གསང་བ་ཞིག་གམ་འཆར་སྣང་ཞིག་ཆེས་སྤྱིར་བཏང་གི་ཚུལ་དུ་ཤོར། ཡུལ་ཀྱི་བཀོད་པ་དང་མི་ཡི་སྒེར་སེམས། རང་བྱུང་གི་ཁོར་ཡུག་ནགས་ཚལ་དང་རྩོལ་བྱུང་གི་སྐྱེད་ཚལ་སོགས། དངོས་ཡོད་དངོས་མེད་ཀྱི་མྱོང་བ་རེ་རེ་ནི་ཉིན་རེའི་མཛེས་སྡུག་ཡིན། སྐྱོ་གར་གྱི་ངུ་རྒྱངས་དང་བློས་གཏོང་གི་སྤོབས་པ། ཆོད་སེམས་ཀྱི་ང་རྒྱལ་འདི་དག་གིས་འཇིག་རྟེན་ལྟ་ཚུལ་ལམ། མི་ཚེའི་ལྟ་ཚུལ། འཚོ་བའི་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ་བཅས་ལ་ཕན་གྲོགས་བྱས། ཡུལ་ཕྱོགས་གཞན་དུ་སོང་ཡང་། །མོན་མོས་བཞག་པའི་བག་ཆགས། །གསུབ་ཐབས་མེད་པ་ཅི་ཡིན། ། “མ་བསྒོམས་བྱམས་པའི་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེར། །”སྡོམ་ཚིག་གཏིང་ཟབ་རེད་བཞག། འོ་འོ། ད་ནི་ཞོགས་ཟས་ཟ་འགྲོ་རན་ཐལ། འབྲི་མཚམས་འདིར་འཇོག
མོན་ཡུལ་དུ་འགྲོ་བའི་སྔོན་གྱི་༢༠༢༥/༥/༦ གི་ཞོགས་པར་མཻ་སཱུ་རུ་གྲོང་དུ་བྲིས།

2025-05-08 ཤེད་བུ།
ཁྱོད་ཀྱི་ལག་པར་མོན་པོ་ལས་མོན་མོ་ཡོང་དཀའ་སེ་ཡོད་པས། བསམ་བཞིན་ངས་མོ་པོ་ལ་བཅོས་པ་ཡིན། མང་བའི་བ་ནི་བ་རྐྱང་ཡིན་ནའང་། ལྟ་ལོག་གཅིན་་ཐིགས་ཡིན་ན་པ་ཡེད་ཕྲིས། དག་ཡིག་དེ་འདྲ་ཞིག་མ་གོའམ། ངའི་རྣ་ལ་བྱང་འདུག  ཧ་ཧ་ཧ་ཧ། ད་ངས་ཁྱོད་ཧ་བཞི་མངགས།
2025-05-06 ལུགས་ལྡོག

མོན་མོ་ལ་མོན་པོ། མང་བ་ལ་མང་པ་སོགས་ཡིག་ནོར་མང་པོ་ཤོར་འདུག

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།