Back To Top

ཧ་ཧ་ཧ་ཧ།

བཀླགས་གྲངས། 735

ལུགས་ལྡོག་གིས།

ལྐོག་གྱུར་གྱི་རྩོད་གཞི་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སམ།
རྟེན་འབྲེལ་གྱི་རིགས་ལམ་ཕྲ་རགས་རྣམས་ངས་མི་ཤེས།
འོན་ཏེ། རང་ཉིད་སྒེར་གྱི་ཉམས་མྱོང་གིས་ཕྱོགས་བསྡོམས་བྱས་ན།
མཚམས་རེར་མི་མང་གིས་ང་རང་རུབ་རྡུང་བྱས་པ་དང་།
སྐབས་རེར་ངས་མི་གསུམ་བཞི་ལ་གཤེ་གཤེ་གཏོང་བ་དེས།
མཚར་སྣང་དང་དགོད་སྒྲ་ཡིས། ཧ་ཧ་ཧ་ཧ་ཞེས་ངག་ནས་ཤོར།

གཅིག་བྱས་ན། ཧ་ཧ་ཧ་ཧ་བཞི་པོའི་མཚོན་དོན་དེ།
སྟོད་འགག་སེར་ལམ་མེ་ཅན་གྱིས་ཧ་མི་གོ་ན་ཐང་།

ཧ་སྒྲ་བཞི་པོ་ཕ་མ་གཅིག་པའི་ཕུ་ནུ་ཡིན་མིན་མི་ཤེས་ཀྱང་།
གོས་དཀར་ཅན་རྡོ་རྗེ་ཚང་གི་ཁྱིམ་ནས་ཆད་པའི།
གསེར་བུ་རུས་རྐང་ཅན་གཉིས་གཉིས་བཞི་ཡིན་པ་གོ་མྱོང་།

རུབ་རྡུང་གི་རྨ་ཁ་ཟླ་ངོ་འགའི་རིང་མི་དྲག་པ་བདེན་ཡང་།
ཚིག་གིས་བཟོས་པའི་རྨ་ཁ་དེ་ལོ་ཟླར་འཁྱགས་ལ་འབྱར་བ་ནི།
སྡིག་སྒྲིབ་ཕྱིན་ཅི་ལོག་པ་ཞིག་ཡིན་སྲིད་པས། ཧ་ཧ་ཧ་ཧ་ཞེས།
རང་ལུས་རྨས་པ་དེས་འགྱོད་བཤགས་བྱས་པ་ཡིན།

བསམ་གཞིགས་ཀྱི་རྒྱ་མཚོའི་ཀློང་དུ་ཡུན་རིང་ལུས་མཐར།
བེམ་གོག་འདི་ལ་ཤ་ཚ་བྱེད་པའི་གླེན་རྟགས་ཚ་པོ་དེར།
སེམས་གཏིང་ནས་དགོད་རྒྱུ་ཡོང་སྟེ། ཧ་ཧ་ཧ་ཧ་ཞེས་པའི།
ཚིག་གི་ཉི་གདུགས་འབུབས་པའི་ལད་མོ་ཐེངས་་ཤིག་བྱེད།

ཧ་ཧ་ཧ་ཧ་ཟེར་ན། མི་ནག་མིག་ཡས་མ་ཕལ་ཆེ་བས།
ངའི་ཁོག་ཏུ། མ་མོ་དགའ་བར་བྱེད་པའི་གདོན་ཞུགས་འདུག་བསམ་སྲིད།

ཤོར་ཟིན་པ་དང་ཕམ་ཁའི་ར་མདའ་རུ།
སླར་ཡང་། ཧ་ཧ་ཧ་ཧ་བཞི་པོ་མངག་རྒྱུ་ནི།
བསམ་གཞིགས་དང་སྦྱོང་བརྡར་གྱི་ཞོར་ཟས་ཡིན།

༢༠༢༥/༥/༧

2025-05-08 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།