བཀླགས་གྲངས། 812
ལུགས་ལྡོག་གིས།
མྱི་མང་པོ་ཞིག་དགོན་པ་མཇལ་ཡོང་དུས། ལ་ལ་ཞིག
དགོན་པར་རྒྱབ་གཏད་དེ་ཁྲོམ་གཞུང་ཕྱོགས་སུ་ཕྱིན།
ཕྱིར་ཡོང་བའི་ལམ་དུ། ཁྱི་ལྡོག་ཁྱུ་ཚན་ཞིག་དང་འཕྲད་དེ།
ངེད་ཅག་གིས་ཕན་ཚུན་ལ་ཡུན་རིང་ཅེར་རེས་བྱས་མཐར།
དགོན་པའི་གཡས་གཡོན་བྱས་ནས་རང་རང་སར་གྱེས་བཞག
དགོན་པ་གན་ནས། རྒྱང་རིང་གི་ཇོ་དགོན་དེ་ལ་བལྟས་ཏེ།
རྒྱང་མིག་མ་ཆད་བར་དགོན་ཆེན་འགྲམ་དུ་ལུས་སོང་།
གཅིག་བྱས་ན། ཇོ་མོ་ཤ་ཚ་མོ་ཞིག་གིས་ཀྱང་མར་ལ་བལྟས་ནས།
འཇིག་རྟེན་པའི་འཚོ་བ་ནི་ཆ་ཚང་ཞིང་ཕུན་སུམ་ཚོགས་པ་སྟེ།
མཛེས་སྡུག་གི་དཀྱིལ་འཁོར་ཡང་དག་པ་ཞིག་ཏུ་མཐོང་ཡོད་སྲིད།
བུས་མོ་གཉིས་གྲང་ཞིང་སྐྱ་རིལ་ལེར་འགྱུར་བ་འདིས་
ང་ལ་མཚང་འབྲུ་བྱེད་པ་ནི་ཆེས་རྒྱུན་ལྡན་ཞིག་ཡིན།
དབྱིབས་དང་ཁ་དོག་གིས་སྟོང་བའི་བུ་མོ་ཞིག་གིས།
ང་ལ་འཕྲིན་ཐུང་བསྐུར་བ་དེས་སེམས་གསོ་བྱེད་ཐུབ།
རེད་དེ། དེ་འདྲའི་བུ་མོ་དབྱིབས་དང་ཁ་དོག་མེད་པ་ནི།
དམན་པར་དགག་སྒྲ་སྦྱར་ཏེ་བཤད་པ་མ་གཏོགས།
ཡེ་ཤེས་ཆོས་སྐུ་སམ་བཅོམ་ལྡན་འདས་མར་གོ་མི་ཉན།
དགོན་པའི་ནང་གི་བསམ་གཞིགས་འདི།
ཆོས་ལུགས་ལ་ངེས་འབྱུང་སྐྱེས་སྟངས་ཤིག་ཡིན་པས།
མ་འོངས་པའི་རབ་བྱུང་བཙུན་མ་ཚོར་འཕྲོད་པར་སྨོན།
ཀློག་པོ་མེད་ན་ཆོག་ལ། ཡི་གེ་འདི་དག་ལ་མཆན་མེད་ཀྱང་རུང་།
འདི་ནི། རང་ཉིད་ཀྱིས་རིག་གཞུང་གི་སྨྱོ་ཆུ་འཐུང་བའི།
ཁ་སླ་སྟངས་དང་དམ་ཚིག་ཉམས་ཚུལ་ཐུང་ངུ་ཞིག་ཡིན།
༢༠༢༥-༥-༩