བཀླགས་གྲངས། 720
ལུགས་ལྡོག་གིས།
ཁ་སྐད་དུ་ཁུ་ཡུག་ཅེས་པའི་བྱ་སྟེ།
ཁུ་ཡུག་ལྷང་ལྷང་གྲག་གིན་འདུག་ཅེས།
གནའ་མྱི་ཚོ་ཡིད་སྨོན་སྐྱེས་ཤིང་རྣ་བ་བླག་དཔེ།
གཏམ་བཟང་གི་དཔེ་མཚོན་དུའང་།
ཁུ་ཡུག་གྲག་གིན་འདུག་ཅེས་འཛུམ་དམུལ་དམུལ་བྱེད།
བར་སྐབས་ཤིག་ནས། ཁུ་ཡུག་ནི།
གནོད་སེམས་ཅན་ཞིག་ཏུ་མཐོང་སྟེ།
བྱིས་དུས་ཀྱི་ལྟ་ཚུལ་འགྱུར་སོང་ཞིང་།
ཁ་ཡག་ཅན་གྱི་མི་ལ་ཞེན་པ་གཏིང་ནས་ལོག
དེ་རིང་། མྱིང་མི་ཤེས་པའི་ཨ་ཁུ་ཞིག་གི་ཤག་ཏུ།
ཚ་བོའི་ཆེད་དུ་བྱེད་འབྲེལ་བྱེད་མེད་འབྲི་སྐབས་སུ།
ཁུ་ཡུག་གྲག་བཞིན་པ་ཚོར་ནས་སྒོར་བུད་དེ།
བྱིས་དུས་ལྟར་རྣ་བ་བླགས་ཏེ་གཟབ་ཉན་བྱས།
གཅིག་བྱས་ན། བླ་རྒོད་ཚངས་དབྱངས་ལའང་།
ཁུ་ཡུག་གིས་རྨོངས་ཚོར་ཟབ་མོ་བྱིན་ཡོད་སྲིད།
ཁུ་ཡུག་གི་སྐད་ཆའི་ནང་དོན་མི་གོ་ནའང་།
ལུགས་ལྡོག ལུགས་ལྡོག་ཅེས་ཐེངས་བཞི་ཙམ་འབོད།
ལུགས་ལྡོག་ཟེར་ན། ངའི་གཤིས་ཀ་མཚོན་པ་ཡིན་ནམ།
ཚངས་དབྱངས་རྒྱ་མཚོའི་བྱ་སྤྱོད་མཚོན་པ་རེད།
གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཞེས།
ཁུ་ཡུག་གིས་ཀྱང་ཀློག་གིན་འདུག་ཨང་།
དབྱངས་གསལ་གྱི་རུས་རྒྱན་ཐོགས་པའི།
འཇིག་རྟེན་ཁྱིམ་པའི་རྣལ་འབྱོར་བ་ཞིག་གིས།
ཁུ་ཡུག་ལ་ཉན་བཞིན་ཡུལ་ལྗོངས་ཀྱི་མཛེས་སྡུག་མྱོང་གིན་དུ།
ཆེས་མཐའ་མཇུག་གི་དུར་ས་ཆུང་ཆུང་ཞིག་འཚོལ་བའམ།
མི་ཚེའི་རིན་ཐང་གི་ལྟ་བའི་སྐེ་རགས་དང་ལྷམ་སྒྲོག་འཆིང་གིན།
ཀི་ཧི་ཧི། ཀི་ཧི་ཧི་ཞེས་འཁོར་བའི་དུང་ཆེན་ལ་རྒོལ་བའི།
ཁ་ཕོ་གནམ་ས་སྦྲེལ་བ་ཞིག་གིས་རང་སེམས་སྐྱིད་དུ་བཅུག
བདག་སེམས་ཀྱི་ཉི་མ། རེས་གཟའ་ཉི་མ།
བསྟན་འཛིན་ཉི་མ་སྟེ་དགུང་གི་ཉི་མ་འདི་ཚོ།
མ་བསྒྲིགས་རང་འགྲིག་གིས་ཅིའི་ཕྱིར་འཛོམས་པ་རེད།
སྐད་ཆ་འདི་ཐེད་པགས་ལྟ་བུ་ཞིག་ཡིན་ཡང་།
སྤྱང་ཀི་ང་ལ་མཛའ་བའི་རེ་བ་དང་མ་འོངས་པའོ།།
༢༠༢༥-༥-༡༡