བཀླགས་གྲངས། 861
ལུགས་ལྡོག་གིས།
སྐྱེ་ས་སྐྱེས་ཡུལ་ཡོད་མོད་ཀྱང་། །
ཡུལ་གྱར་འཚོ་བའི་གླུ་གཞས་བླངས། །
གང་འབྱོར་གང་གནས་གཞིས་ཀ་ལས། །
ཁྱིམ་སྲིད་ཡིད་ཀྱི་གཏིང་ནས་བོར། །
འཁྱམ་པོ་ལྡོམ་པོའི་དབྱར་དགུན་གཉིས། །
མི་ཚེའི་སྐེ་རགས་འཆིང་སྟངས་ཏེ། །
དགའ་སྐྱོའི་སྟོན་དཔྱིད་འགྱུར་ལྡོག་ཅན། །
སེམས་ཀྱི་ལྷམ་སྒྲོག་ཆ་འགྲིག་མཛེས། །
གངས་དང་ནགས་ཚལ་ཆུ་མོ་སྟེ། །
གཅན་གཟན་རི་དྭགས་ནོར་ལུག་ཚོགས། །
བདག་གི་སེམས་ཀྱི་དགའ་མར་འབོད། །
ཚད་པས་མནར་ཞིང་ཆར་བས་འདེད། །
རླུང་གིས་བསིལ་བའི་སྣང་བ་རུ། །
སྐྲ་ཡི་རྔ་ཡབ་གཡོབ་བཞིན་དུ། །
རྐང་གཉིས་ཤིང་རྟའི་མགྱོགས་བུལ་སྙོམས། །
རི་ཆེན་སྨུག་པས་གཡོགས་པ་ཡི། །
དབེན་པའི་ལུང་གཤོངས་འཕྲེད་བཅད་ཀྱིས། །
ངེས་མེད་མདུན་དུ་ཕྱོགས་པ་ན། །
ཆུ་ཕྲན་ངེས་མེད་བཞུར་བ་དེ། །
མི་ཚེའི་དབྱངས་འགྲོས་འདི་ཀོ་སྙམ། །
ཕར་བལྟས་ན་བུན་རྒྱུ་བ་དེ། །
བདག་གི་གཤིས་སམ་འདྲ་རིས་ཉིད། །
ངོ་ཚ་སྨིན་པོ་ཉམ་ཆུང་ཚུལ། །
རང་གཤིས་མཁྲེགས་པོའི་རྡེ་འུ་ང་། །
དྲང་ཚུགས་ཆེ་ཡང་སྡར་མའི་གཤིས། །
སེམས་ཆུང་དམས་རྒྱུ་མེད་པ་ཡི། །
འགལ་བའི་བེམ་ལུས་གྲུབ་པ་མཚར། །
ཕུ་བོ་མི་ལ་རས་པ་དང་། །
ཨ་མྱེ་ཏཱ་ར་ནཱ་ཐ་སྟེ། །
ཞང་རྒན་དགེ་བསྙེན་འབྲོམ་སྟོན་སོགས། །
དྲན་ཏེ་སྙིང་རླུང་འཕར་བ་འམ། །
དགོད་ཅིང་འཕྱས་ལ་ངུ་ཡང་བྲོ། །
འདབ་ཆགས་གླུ་ལེན་གར་རྩེད་དང་། །
མེ་ཏོག་མགོ་ལྕོག་ལྡེམ་པ་བཅས། །
ལམ་གྱི་ངལ་དུབ་སངས་བྱེད་དེ། །
སྐྱེས་ནས་རྒ་བའི་འགྱུར་ལྡོག་ལ། །
སུན་པ་མེད་ཅིང་འཚེར་བ་མེད། །
འོན་ཀྱང་ནད་དང་ནད་མནར་གྱིས། །
འཆི་མིན་གསོན་མིན་ལུས་པ་ལ། །
ཨེན་ཙམ་འཚེར་བའི་ཁུར་པོ་འབྱུང་། །
ཤི་ན་མར་མེ་རླུང་གིས་བཅིལ། །
དེ་ལ་འཇིགས་པའི་ཡ་ང་བྲལ། །
ཙ་མི་ལོ་ཙཱའི་ངག་བཞིན་དུ། །
ལུས་ཀྱི་གྲོང་ཁྱེར་འདི་ཀོ་ལ། །
རྩ་ཡི་སྲང་ལམ་འཛིང་བ་སྟེ། །
དབུགས་ཀྱི་ཤིང་རྟ་ཞོན་པའི་མི། །
སེམས་ཀྱི་ཐིག་ལེ་སྟོང་པ་ཉིད། །
རྒྱལ་ཁབ་མི་རིགས་ཁྱིམ་གཞི་སྟེ། །
ཚོགས་པ་མི་སྒེར་སྟོང་པའི་གཤིས། །
ཆོད་ཉིད་ཡིན་པས་སྐྱོ་དོན་ཅི། །
ཆོས་ཉིད་གླུ་ལེན་གར་རྩེད་ཀྱིས། །
བསླུ་བའི་ཀུན་རྟོག་གྱ་མ་གྱུ། །
འགྲོན་པོ་རང་གི་ལས་དབང་ལ། །
འཁང་ར་མེད་ལ་འགྱོད་པས་སྟོང་། །
རི་བོའི་རྩེ་རུ་འཛེག་པའི་དུས། །
གཡས་གཡོན་སྨུག་པའི་འོབས་དོང་ཟབ། །
ཀི་འདེབས་འཇིག་རྟེན་དཀྲུག་སྣང་གིས། །
ངལ་བའི་སེམས་ཁམས་ལྷོད་དུ་བབས། །
ཉག་གའི་མཚན་མ་འབུར་ལུགས་ཀྱིས། །
བརླ་བར་ཁུ་ཆུ་བརྡོལ་དགོས་བྱུང་། །
གནམ་གཤིས་ཆུང་མའི་དགའ་སྡུག་ཏུ། །
ཁ་ཆར་སྦྲང་དཀར་རྩམ་པ་འགམས། །
ཝ་མོ་ཉིན་རྒྱུ་བྱེད་པ་ཡིས། །
དབེན་པའི་གཡང་སར་འབྱོར་བ་དང་། །
ཕོ་རོག་སྟོང་སྐད་འདོན་པ་སྟེ། །
མགོན་པོའི་ཕོ་ཉ་རང་འཁོར་དུ། །
ཅེ་སྤྱང་སྙིང་གཏམ་ངུ་བའི་ཟོལ། །
མི་ནག་རྒྱང་ནས་འགྱིང་བ་དང་། །
ཁྱི་ནག་དུང་གི་མཆེ་གཙིགས་ཀྱིས། །
སྤོབས་པའི་མཚོ་མོར་རླངས་པ་འཕྱུར། །
དགའ་བའི་འཕུར་མདའ་སྐད་ཅིག་མས། །
གཞན་སྡུག་རང་གི་སྟེང་དུ་བསྐོར། །
ཁྲོ་བའི་ཞེ་སྡང་འབར་བ་ཡིས། །
རང་ཉིད་གཅིག་པུ་ཡིད་ལ་བཟླ། །
སྤྲང་པོའི་ལམ་བུ་བདེ་བ་ནི། །
རྟེན་འབྲེལ་མི་ཚོགས་སྦྲེལ་ཐག་བཙན། །
ལུས་ཀྱི་རྔུལ་ཆུ་འབྱིད་པ་ཡི། །
སྙིང་རྗེའི་འཛུམ་མདངས་བསིལ་ཡབ་འདྲ། །
ས་སྒང་བདག་ལ་དབང་སྙམ་གྱི། །
འཆར་ཡན་སེམས་གསོའི་བཟི་ཁ་ཡིས། །
རང་མགོ་བསྐོར་བ་སྡིག་པ་ཅི། །
རྐང་པས་ལམ་རིང་བགྲོད་པ་དང་། །
དཀའ་ཚེགས་གློ་བུར་འབྱུང་བ་ལ། །
འཕྲོད་བསྟེན་དགའ་རོགས་ཡིན་འདང་གིས། །
འཁྱུད་ཅིང་གཉིས་སྦྱོར་བདེ་བས་མྱོས། །
ཕྱི་ཐག་ཅན་གྱི་ངོ་ཤེས་ཚོས། །
འཚམ་འཕྲིན་ཡི་གེའི་ཕོ་ཉ་མངགས། །
དེ་ཡང་སྐོམ་ཆུ་ཞོར་ཟས་ཏེ། །
ལུས་སེམས་བཅུད་དུ་ཡང་ཡང་སྒོམ། །
རྒྱབ་བཤད་བླ་བཙག་མཐོང་ཆུང་གིས། །
རྣ་བ་དམར་ཞིང་དྲོད་འབར་ཡང་། །
མདུན་དུ་བསྐྱོད་པའི་དབང་བཞི་རུ། །
ལྟས་ངན་གཡང་སྒྱུར་བྱེད་པ་མཛེས། །
གཞལ་དཀའི་འཇིག་རྟེན་ཁམས་ཆེན་མོར། །
རྡུལ་ཕྲན་རང་ཉིད་མི་ཤོང་བའི། །
སེམས་ངལ་ས་འབུའི་སེར་སྣ་དེ། །
ཕྱི་ས་བཞིན་དུ་དོང་དུ་སྦེད། །
དགའ་སྡུག་གྲོས་བསྡུར་བགྲོ་གླེང་དུ། །
ཚོགས་འཐུས་དབྱངས་གསལ་འདུམ་འགྲིག་གིས། །
ཟས་བཅག་གཉིད་སྤང་ཉེས་ཆད་ཀྱང་། །
དང་དུ་ལེན་པའི་རྒུན་ཆང་འཐུང་། །
དངོས་ནོར་མུ་ལྟོ་བ་ཡི་ཚུལ། །
ནང་སེམས་ཕྱུག་བདག་རྩེ་གྲས་ཞེས། །
ཀུ་རེའི་འཐེན་ཐུག་བསྐོལ་བ་རུ། །
བདེན་པའི་ཚྭ་ཡང་བཏབ་པས་དགེ།། །།
༢༠༢༥-༦-༤
སྙན། སྙན། དགེ་ལེགས་འཕེལ།