བཀླགས་གྲངས། 332
ལུགས་ལྡོག་གིས།
ཞི་བའི་ཚལ་གྱི་བསམ་གཏན་པ། །
བསམ་གཏན་རྡོ་རྗེའི་དབྱར་རྔའི་སྒྲ། །
ནུབ་ནས་ཤར་དུ་གྲགས་པ་ལ། །
ངོ་མཚར་མེད་ན་ངོ་མཚར་ཅི། །
རིག་པའི་བདེ་འཐུང་འཁྱུག་པ་དང་། །
ངག་གི་སྒྲ་བརྒྱ་ལྡིར་བ་ཡིས། །
དབང་རྣོན་རྣམས་ལ་ལྟད་མོ་དང་། །
བྱིས་པའི་ཚོགས་རྣམས་གཉིད་ལས་བསླངས། །
གཞོན་ནུ་དོན་གྲུབ་རྣམ་ཐར་དང་། །
རྔོག་ལྡན་བཅིབས་པའི་ཚུགས་ཀ་ཡིས། །
བག་ཆགས་ཟབ་མོ་བཞག་པ་སྟེ། །
ཡང་ཡང་བརྙན་དང་པར་ལ་བལྟས། །
སྐུ་མདུན་ལྗགས་ཀྱི་བདུད་རྩིའི་རོ། །
མྱོང་བའི་བུང་བ་གཤོག་ལྡན་ཁྱོད། །
ལོ་ནའི་ལྕུག་ཕྲན་ཕྲ་ན་ཡང་། །
རྒན་པོའི་རྣམ་དཔྱོད་ལོ་འདབ་རྒྱས། །
ལྷན་སྐྱེས་ཤེས་རབ་རྣོ་བའི་སྟེང་། །
སྦྱངས་སྟོབས་ཡོན་ཏན་འབྲས་བུའི་ཁུར། །
ལྕི་བའི་སྙེ་མ་དུད་པ་ཉིད། །
ནོམ་པའི་རྒྱན་དུ་མི་བརྩི་ཅི། །
ཐོས་པའི་གསེར་སྐྱོགས་ཁྱོད་ལ་མངའ། །
བསམ་པའི་ཆུ་གཏེར་ཁྱོད་ལ་རྒྱས། །
སྒོམ་པའི་དཔྱད་འཇོག་ཁྱོད་ལ་འཛོམས། །
བསམ་གཏན་པ་ཡི་རྡོ་རྗེ་ཁྱོད། །
འཇིག་རྟེན་སྐྱེ་འགྲོའི་མཛེས་པའི་ཡུལ། །
ནགས་ཀྱི་བསྟི་གནས་ཞི་བའི་ཚལ། །
ཤེའུ་ཆུང་ཏིང་འཛིན་མྱོས་པ་ལ། །
མཆེ་སྡེར་ཅན་ཡང་ངོ་མཚར་སྐྱེས། །
ཁྱོད་ཀྱི་པར་འདི་རིག་ཙམ་གྱིས། །
ཁེར་ལབ་འདི་མཉམ་སྤེལ་འདོད་ལ། །
གནང་བ་ཞུ་སྟབས་མ་བདེ་བས། །
དགོངས་ཡངས་སྟེར་བའི་ཡིད་ཆེས་བྱེད། །
ཁྱོད་དང་མེ་ཏོག་ལྷ་མཛེས་ལ། །
ཚོར་སྣང་ཡི་གེའི་ཕྲེང་བ་ཞིག །
བགྲང་བའི་རྨི་ལམ་ཕྲན་ལ་ཡོད། །
དེ་རིང་འདི་ཡིས་འཐུས་པར་བྱེད། །
༢༠༢༥-༦-༦