བཀླགས་གྲངས། 217
__ལུགས་ལྡོག
རྣམ་རྟོག་གི་སླ་ང་ཐབ་ཏུ་བཙུགས། །
སྤྱི་ཚོགས་ཀྱི་ཚལ་རིགས་གཙབ་མ་གཏུབ། །
ཐོབ་ཐང་གི་བསླུ་བྲིད་རྒྱན་དུ་བཏགས། །
འདྲ་མཉམ་གྱི་རིགས་ལམ་ཐལ་སྒྲ་སྒྲོག །
བསམ་ཤེས་ཀྱི་རྒྱུད་སྐུད་ཆད་མ་མཐུད། །
བཟོད་སེམས་ཀྱི་རོལ་མོ་འགགས་སོང་སྟེ། །
འགྲིག་མིན་གྱི་རྣམ་འགྱུར་གདོང་དུ་མངོན། །
ཙར་ཙིར་གྱི་གནས་ལུགས་ཆུང་མ་ཞིབ། །
སྣང་མེད་ཀྱི་རང་ཤེད་ཁྱོ་ག་ཚ། །
ཁ་འཛིང་གི་བོང་བུའི་མགྲིན་པ་གཟེངས། །
ཞེ་འཁོན་གྱི་ཝ་མོ་ཉིན་རྒྱལ་བྱེད། །
སྐྱོན་མཚང་གི་རའི་སུག་རུམ་ནས་བཏོན། །
མོ་ཕྱོགས་སུ་བཤད་ཡམས་གད་སྙིགས་འཕེལ། །
ཕོ་ཕྱོགས་ཀྱི་མི་ཁ་མེ་ཆེན་འབར། །
གཟའ་གཏོར་གྱི་འགད་རྫས་ཁྱིམ་མཚེས་བཟོ། །
ཁོར་ཡུག་གི་འཕར་སྤྱང་ཉིན་མཚན་ངུ་། །
བུ་ཕྲུག་གི་སེམས་ཁམས་སྤྲིན་ནག་འཁྲིགས། །
ཤུགས་རིང་གི་རླུང་བུ་ངེས་མེད་རྒྱུ། །
ཕ་མ་གཉིས་བར་དུ་སྐད་སྒྱུར་མཁན། །
མི་འདོད་བཞིན་ཕྲུ་གུ་འགྱུར་དགོས་བྱུང་། །
ཉལ་ཁ་རུ་མཐུན་པའི་བཟའ་ངན་གྱི། །
འཚོ་བ་ལ་དབྱར་ཟླ་མ་ཚེས་ཏེ། །
བརྩེ་དུང་གི་སྦྲུལ་མདུད་རང་གྲོལ་གྱིས། །
ཁྱིམ་ཚང་གི་མིང་ཡང་ཕྱོགས་སུ་ཡལ། །
གཏོར་མཁན་དང་འགལ་རྐྱེན་བདོ་ན་ཡང་། །
འདུམ་འགྲིག་གི་ཚ་ལ་སྦྱོར་མཁན་དཀོན། །
དང་ཐོག་གི་ལག་འཇུའི་དམ་བཅའ་དག །
སིལ་བུར་ནས་ཧྲུག་ཆག་འཐོར་བ་ལ། །
བཟའ་འཁོན་གྱི་མིང་འདི་འཇུག་སོ་ལོ། །
མ་འཐད་ན་རང་གིས་ཚོད་ལྟ་གྱིས། །
མི་འགྲིག་ན་ཉམས་མྱོང་ཅན་ལ་དྲིས། །
༢༠༢༥-༦-༧