བཀླགས་གྲངས། 254
__ལུགས་ལྡོག
ངས་ནམ་མཁའ་ལ་བལྟས་ནས།
དབྱིབས་དང་ཁ་དོག་བཙལ་ཅིང་།
མཐའ་དང་དབུས་ཞེས་མཛུབ་མོ་ཀེར།
སྒེའུ་ཁུང་གི་འགྲམ་དུ་བསྡད་དེ།
ནམ་མཁའི་དབྱིབས་དང་ཁ་དོག་ལ་བལྟས་ནས།
མཐའ་དབུས་དང་ཕྱི་ནང་གི་གནས་ལུགས་བཙལ།
ཡོད་མེད་ཀྱི་དོགས་པ་བསླངས་ཤིང་ཞིབ་ཀྱིས་འཇུག་ཙ་ན།
ཐོགས་རེག་བྲལ་བའི་འདུ་ཤེས་ལས་ཅི་ཡང་མ་རྙེད།
རྡོ་ཤེལ་སྨུག་དུང་ངེ་ཞིག་གྱོན་ནས།
ནམ་མཁའ་ལ་ཡུན་རིང་ཅེར་ཡང་།
འདུ་ཤེས་དང་ཐ་སྙད་ཙམ་དུ་གྱུར།
ཁ་ནང་དུ་འཁོར་ནས་འདུ་ཤེས་སྔོག་གིན་དུ།
ཐ་སྙད་ཀྱི་འབྱུང་ཁུངས་ཡར་མར་ལ་དེད་མཐར།
ནམ་མཁའ་ཞེས་ལྕེ་ངལ་བ་ཙམ་ལས་ཅི་ཡང་མ་རྙེད།
འཇིག་རྟེན་བོད་ཀྱི་གཏམ་དཔེར།
ཐང་གི་རྡོ་ལེན་ས་ནས་རུམ་གྱི་བྲོ་ལྷུང་བ་ལྟར།
ནམ་མཁའི་བཏགས་དོན་འཚོལ་གྱིན་དུ་རང་ཉིད་ཀྱང་བོར་སོང་།
ནམ་མཁའ་ལ་ཡུན་རིང་ཅེར་བ་ན།
གཤིན་རྗེའི་མེ་ལོང་ཡང་ཡལ་ཟིན་པ་ཚོར།
བཙལ་ན་མི་རྙེད་པའི་ཆོས་ཤིག་གིས།
རང་ཉིད་ཀྱང་གཏན་དུ་འབོར་བཅུག
དེ་ནས་འཆི་བ་དང་འཆི་བདག་ཀྱང་ཡལ་སོང་།
ཡ་མཚན་པ་ཞིག་ནི་ནམ་མཁའི་གཤིས་ཀ་རེད་ཨང་།
༢༠༢༥-༦-༨
སྒེའུ་ཁུང་འགྲམ་གྱི་མགྱོགས་བྲིས།