བཀླགས་གྲངས། 247
__ལུགས་ལྡོག
འདོད་ཆགས་སྙིང་གི་དགའ་མ་ཡིས། །
འཁོར་བའི་སྙིང་པོ་མྱོང་དུ་བཅུག །
ཞེ་སྡང་མེས་པོའི་རུས་རྐང་གིས། །
འགྱེལ་ན་འགྲེང་བའི་སྤོབས་པ་བྱིན། །
གཏི་མུག་བརྩེ་བའི་ཞེ་འདང་གིས། །
བསམ་ཤེས་བཟོད་སེམས་ཁང་བཟང་བསྐྲུན། །
ཕྲག་དོག་སྲིང་མོ་གར་མཁན་མས། །
རང་རྒྱལ་གཞན་ཕམ་སྤྲོ་སྣང་སྟེར། །
ང་རྒྱལ་སྤུན་ཟླ་བློས་ཐུབ་ཀྱིས། །
སྲོག་ཀྱང་འདོར་བའི་རམ་འདེགས་བྱེད། །
རྣམ་གཡེང་སྐྱེད་ཚལ་གཞིས་ཀ་རུ། །
ལེ་ལོའི་མེ་ཏོག་སྣ་བརྒྱ་བཞད། །
ཁ་གསག་སྤྲེ་འུའི་གར་འཆམ་གྱིས། །
འཆོར་བ་ཐོབ་པའི་འབྲས་བུ་ཟ། །
ཞེན་ཁོག་ཁྲོ་ཆུ་ཁོལ་མ་ཡིས། །
རིགས་རུས་འདུ་ཤེས་རླངས་པ་འཕྱུར། །
ཕྱོགས་འཐེན་རྣོ་སྦྲེང་དཀྲོལ་མཁས་ཀྱིས། །
མིང་གྲགས་རླུང་བུ་ཤར་ནུབ་རྒྱུ། །
ཁྲམ་པའི་སྨྲ་ལྕེ་རྣོ་བ་ཡིས། །
རང་སྐྱོན་གཞན་གྱི་གོས་སུ་བསྒྱུར། །
ཇག་གཤིས་ཨུ་ཚུགས་ངར་མ་ཡིས། །
གཞན་ནོར་རང་གི་རྒྱན་དུ་བཏགས། །
མི་ཤེས་ཤེས་མདོག་ཁ་ཕོ་ཡིས། །
མཁས་པའི་ཆོ་ལོ་བཅོས་མ་བླངས། །
༢༠༢༥-༦-༡༠