བཀླགས་གྲངས། 338
མི་བསྟུན་པ།
ཞོགས་ཉལ་སྐྱིད་པོ་ཞིག་བརྒྱབ་སྟེ་གཉིད་སད་མ་ཐག་ཏུ།
དུས་ཆེན་གསུམ་འཛོམས་ཀྱི་སྐད་ཆ་རྣ་བར་གཟན་པ་ཞིག་གྲག
སླར་ཡང་། འགྲེ་ལྡོག་ཅིག་བྱས་ནས་གཉིད་དུ་ཡུར།
གཡེར་དྲིལ་དང་མ་ཎི་འདོན་དབྱངས་བཙན་པོ་དེས།
རྣ་བ་གཉིས་གཤགས་སོང་བའི་ཚོར་བ་སྐྱེས་བཅུག་སོང་།
ཉལ་ཆས་ཀྱིས་མགོ་བོ་བཏུམས་ནས་ཉལ་ཡང་།
མར་མེ་དང་འཁོར་ལོའི་ཚོགས་མིག་ལ་འཆར་འོང་བ་ནི།
བདག་གི་བདེ་སྣང་དཀྲོག་པའི་ཆོ་འཕྲུལ་ཞིག་རེད།
ཕྲེང་བ་བགྲེང་བཞིན་པའི་ལོ་ལོན་ཚོའི་གྲལ་དུ་བསྡད་དེ།
ཁ་པར་གསོད་བྱེད་ཀྱི་སྟར་སྐུད་བཀོལ་ནས།
རང་སྐེ་བསྡམ་རྒྱུའི་སྟ་གོན་གྲུབ་ཙམ་དུ།
ཨ་མ་རྒན་མོ་ཞིག་གིས་བཀའ་བཀྱོན་དྲག་པོ་བཏང་སོང་།
བཀའ་བཀྱོན་དང་མ་ཎིའི་སྒྲ་དབྱངས་གཉིས་བསྡུར་ན།
བདག་གི་སྲོག་སྐྱོབ་བྱེད་ནི་མ་ཎིའི་སྒྲ་དབྱངས་མིན་པས།
ངས་ཨ་མ་རྒན་མོ་དེ་ལ་གུས་ཕྱག་ལན་གསུམ་བཙལ།
སྨྱུང་གནས་པ་ཚོ་ངག་བཅད་ཡིན་པ་འདྲ།
ཁ་འཛིང་ཤོར་བ་ལྟར་སྨྲ་བ་མེད་པར་འགྲོ་གི་འདུག
ངའང་ཁོ་ཚོ་ལྟར་གྲལ་བསྒྲིགས་ནས་འགྲོ་བཞིན་དུ།
གླུ་ཚིག་རྙིང་བ་ཞིག་བསྐྱར་ཟློས་ཡང་ཟློས་བྱས།
ས་ཟླའི་དུས་ཆེན་དུ་དཀར་ཟས་རོལ་མཁན་མང་བས།
སེམས་གཏིང་ནས་བཤན་པ་ཚོར་སྙིང་རྗེ་སྐྱེས་ཏེ།
གླང་ཤ་དང་བྱ་ཤ་ཉོ་རྒྱུའི་སེམས་ཐག་བཅད།
ཕྲེང་ཐོགས་ཚོས། དེ་རིང་གི་དུས་ཆེན་ལས་ལྷག་པ་ཞིག
ནང་པ་སངས་རྒྱས་པ་རྣམས་ལ་མེད་ཟེར་བ་དེས།
ང་རང་སྐྲག་བཅུག་པ་མ་ཟད་ཤ་ཡང་བཟའ་དགོས་བྱུང་།
བོད་ཟླ་བཞི་པའི་ནང་དུ་སྐྱིད་པོ་ཡིད་ཚིམ་པ་ཞིག་མ་བཏང་ན།
ཆར་དུས་སླེབ་སྐབས་སུ་ས་གཞི་སྐམ་པོ་མིན་པ་ཐག་ཆོད་རེད།
སྐྱབས་འཇུག་ཞུ་བ་དང་སྨོན་ལམ་འདེབས་པའི་གྲས་སུ།
ང་རང་རྩ་བ་ཉིད་ནས་མ་འཇོག་རོགས་ཞུས་པ་ཡིན།
ཚང་མ་དང་བསྟུན་པ་ནི། རང་ཉིད་ཕུང་བའི།
ལད་ཟློས་དང་སྤྲེའུའི་གར་འཆམ་ཙམ་ཡིན་པས།
དམྱལ་ཁམས་སུ་ཁ་རོག་གེར་འགྲོ་བ་བདེ་ཞིང་སྐྱིད་དོ།།
(ས་ཟླའི་ཚེས་བཅོ་ལྔའི་ཕྱི་དྲོ་ལ་གཉིད་ཡོར་བྱེད་ཞོར་དུ་བྲིས།)