Back To Top

བྱིས་སྒྲུང་དོན་དུ་གཉེར་མཁན་་ཞིག

བཀླགས་གྲངས། 312

—ལུགས་ལྡོག

འདི་ནས་ཡར་ལ་དེད་པའི་ལོ་འགའ་ན། །

གྲོགས་པོ་མིན་ལ་ངོ་ཡང་མི་ཤེས་པའི། །

མཁས་གྲུབ་རྒྱ་མཚོའམ་གཡག་རྒོད་ཅེས་པ་ཞིག །

ངོ་དེབ་ནང་དུ་ཕྱོགས་དང་ཟུར་ནས་མངོན། །

སྐབས་རེར་བསྡོམས་ཚིག་འགོད་ཀྱིན་བྲེལ་ཡོང་བ། །

མཚམས་རེར་བྱིས་སྒྲུང་གླེང་གིན་མངོན་ཡོང་བ། །

དབྱངས་གསལ་སོ་བཞིའི་སོ་ཕྲེང་བསྟར་བ་ཡི། །

ཁྱིམ་བདག་ཁྱིམ་པ་རྒན་པོར་དྲྭ་འབྲེལ་ཡོད། །

ཉིན་ཞིག་འཆི་བདག་ཞགས་པས་བཟུང་སོང་ཞེས། །

སྡུག་སྐད་འདོན་མཁན་གཅིག་རྗེས་གཉིས་མཐུད་བྱུང་། །

དེ་ནས་དྲྭ་བདག་འགུལ་བ་མ་རིག་ཅིང་། །

བྱིས་སྒྲུང་བསྡོམས་ཚིག་དེ་ཡང་མ་མངོན་ཏེ། །

ལོ་ཡི་ཕྲེང་བར་ཟླ་བའི་གྲངས་ཀ་འཕེལ། །

སྡུག་ཐོག་འུར་ཞིང་ཡུན་རིང་འགོར་བ་ན། །

མཆུ་ཏོ་དེ་ཚོའང་རལ་ཞིང་ཐེད་པ་འདྲ། །

ཉིན་འགའི་སྔོན་དང་དེ་རིང་དྲྭ་ཉུལ་དུ། །

འདས་པོའི་པར་འགའ་རིག་ནས་སེམས་ཚོར་གྱི། །

ནུབ་རླུང་ཤར་ལ་རྒྱུ་འདྲའི་ཚོར་སྣང་འཕར། །

བྱིས་སྒྲུང་གལ་ཞེས་ནེ་ཙོ་མང་མོད་ཀྱང་། །

ལག་ལེན་གཤོག་ཐོགས་གླག་རྒོད་དཀོན་པོ་ཡིན། །

ཤར་ནུབ་འཕུར་བའི་གླག་ཕྲུག་ངར་མ་ཁྱོད། །

ཇི་ལྟར་གླེང་དགོས་ཕྲན་གྱིས་མི་ཤེས་ཀྱང་། །

ཞེ་རུ་འཆར་བའི་འདས་པོ་དམིགས་བསལ་ཞིག །

ཉིད་ཀྱི་འདྲ་རིས་གཟུགས་བརྙན་རིག་ཙམ་གྱིས། །

ཟབ་མོའི་བག་ཆགས་སེམས་ཀྱི་ཟིན་ཐོར་འབར། །

ཁྱོད་ཀྱི་བེམ་ལུས་བཙན་པོའི་རྗེས་བཞུད་ཀྱང་། །

རྣམ་ཤེས་བྱིས་སྒྲུང་སིམ་པའི་ཤུལ་བཞག་ལས། །

མི་རབས་ཕྱི་མ་ཕྱི་མར་འབྲལ་མེད་པས། །

མྱ་ངན་རྗེས་དྲན་བསྐལ་པའི་མཐའ་རུ་ཟུག །

༢༠༢༥-༦-༢༠

2025-06-23 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།