Back To Top

མུན་པ་འགམ་པའི་ཁེར་རྐྱང་ཞིག

བཀླགས་གྲངས། 342

—ལུགས་ལྡོག

ནམ་ཟླ་དབྱར་ཟླ་ར་བའི་འཛུམ་མདངས་སུ། །

ཁྲོ་ཞིང་དགོད་པའི་དབྱར་རྔས་མགྲིན་པ་བཏེགས། །

སྣོད་ཀྱི་ལྗོངས་ཀུན་བྱབས་ཁྲུས་གཙང་མ་ཡིས། །

འདམ་རྫབ་སྙིགས་ལུད་ཚོགས་ཀྱང་བྱི་དོར་བགྱིས། །

 

ཆར་རླུང་ཤིག་ཤིག་གཡོ་བའི་ང་རྒྱལ་དུ། །

ལྗོན་པའི་ཚོགས་ཀྱི་ལུས་རྣམས་འདར་བ་སྟེ། །

ལོ་མའི་ཕྱི་ནང་གར་སྟབས་བསྒྱུར་བ་ཡིས། །

ཁོ་བོའི་ཡིད་ཀྱི་འཁྲི་ཤིང་གཡོ་བར་བྱེད། །

 

གསལ་ཞིང་འཚེར་བའི་ཉིན་རྒྱབ་དཀར་ན་ཡང་། །

རྡོ་དང་རྡོ་ཡིས་གཉེན་སྒྲིག་ཁང་རྙིང་དབུས། །

རང་བྱུང་ཉི་ཟླ་རྩོལ་བྱུང་གློག་གིས་སྟོང་། །

མུན་པ་འགམ་པའི་ཁེར་རྐྱང་ཙོག་གེར་ལུས། །

 

ནང་ནས་བལྟས་ན་ཕྱི་ཁྱམས་དཀར་ལྷང་ངེ་། །

ཕྱི་ནས་གཞལ་ན་ནང་ལོགས་མུན་འཐིབ་བེ། །

མུན་པའི་འཇིག་རྟེན་ལུས་པའི་ལྡོམ་པོ་ཞིག །

ཝ་སྐྱེས་ཚང་དུ་འཛུལ་འདྲ་དགོད་བྲོའི་ཡུལ། །

 

མུན་པ་འགམ་བཞིན་ཕྱི་རོལ་ལྟ་བའི་མིག །

ལྟ་བྱེད་སྟོང་གི་དབུས་ཀྱི་འུག་པའི་མིག །

ནག་ཁུང་ནང་གི་འཇིག་རྟེན་མཐོང་ཙམ་ན། །

སྤོབས་པའི་མེ་ལྕེ་འབར་ཞིང་དགའ་ངུ་བྱེད། །

 

འཚོ་བའི་ཟས་ལ་ཀུན་ཀྱིས་འཐམ་པ་དང་། །

འཆི་བའི་སྲོག་ལ་ཐམས་ཅད་འཛེམ་པ་སྟེ། །

སེམས་ཁྲལ་ངང་དུ་ཟད་པའི་སྣང་བ་ཉིད། །

མུན་པའི་མེ་ལོང་ངོས་ཀྱི་རིས་དེབ་མིན། །

 

སྔ་ཉལ་ཞོགས་ཉལ་ཆང་འཐུང་རྐུན་པོའི་ཚུལ། །

སོ་བ་ཉུལ་མའི་ཚུགས་ཀ་ཡོད་འདྲ་ཡིས། །

ཁྱིམ་མཚེས་དོགས་པའི་རྙི་རྒྱར་འདྲུད་པ་སྟེ། །

ཇག་པའི་ཁྲོད་ཀྱི་ཇག་པ་གཞན་ཞིག་ཡིན། །

 

མུན་པའི་དབྱིངས་སུ་ཟླ་བ་ཁེར་བགྲོད་དང་། །

ཉིན་མོའི་དཀྱིལ་དུ་མུན་པར་གབ་པ་གཉིས། །

བསྡུར་ན་གནམ་སས་འབྱེད་པ་སྨོས་ཅི་དགོས། །

འོན་ཀྱང་མུན་པ་གསལ་བའི་ཁྱད་ཆོས་རེ། །

 

འཚོ་བའི་འཐེན་ཐུག་བསྐོལ་བའི་གོ་རིམ་ན། །

ཚྭ་ཡི་བྲོ་རྫས་རང་དབང་རང་མོས་སྡོར། །

མི་བསྟུན་གཡེར་མ་འདོད་པའི་སྒོག་པ་སྟེ། །

རླངས་པའི་ཉམས་འགྱུར་སྣ་མང་འཕེལ་ཁ་རྒོད། །

 

འགྲོ་འཆག་ཉལ་འདུག་མཐོང་བ་དོན་ལྡན་མིག །

འབྱུང་བཞི་ལ་སོགས་གདན་གྱི་སྲབ་མཐུག་ཏུ། །

ཁེར་ཆད་འགྲེང་བའི་ང་རྒྱལ་བསྐྱེད་པ་ཡིས། །

ཐམས་ཅད་འདུས་པའམ་ཡལ་བའི་སྒོར་ཐིག་འབྲི། །

 

 འཚོ་བ་ཞེས་པའི་བརྡ་ཆད་གཅིག་ཡིན་ཡང་། །

འཚོ་ལུགས་མི་གཅིག་ཤིང་ཐལ་འཕྱུར་བ་འདྲ། །

ཐོག་ཁང་བྱི་བ་ལྷམ་མེད་འཁོར་རྒྱུག་དང་། །

འོག་ཁང་བ་ཕྱུགས་རྭ་ལྷམ་ཅན་ཉིད་ངུར། །

 

སྣང་བའི་སྒེའུ་ཁུང་གཏན་པའི་མུན་པ་རུ། །

གཟབ་ནན་དོར་ཆབ་འཆིང་བའི་ཨུ་ཚུགས་ཏེ། །

འགྲོ་བའི་རྒྱགས་ཕྱེ་ངལ་གསོའི་ཞོར་ཟས་སོགས། །

ཁྲོམ་ནས་མི་སློང་རང་གི་གཏེར་ཁ་བསྔོག །

 

ཁེར་ལབ་ཆིག་ལབ་ལབ་རྒྱག་རབ་རིབ་འདི། །

འདོན་མཁན་ཡོད་ཀྱང་གོ་མཁན་དཀོན་པ་སྟེ། །

ཚིག་གི་དག་ཆ་ནོར་བ་བདག་གི་སྐྱོན། །

དོན་གནད་མི་རྟོགས་ནེ་ཙོ་ཁྱོད་གཞན་འཕུར། །

༢༠༢༥-༦-༢༣

2025-08-03 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།