བཀླགས་གྲངས། 388
—ལུགས་ལྡོག
ཆ་མེད་རྒྱུས་མེད་ཅིག་གིས།
ལྷས་སྦྱིན་དང་ཨ་ཁུ་ཁྲོ་ཐུང་ཞེས་པའི།
ཁ་བྱང་འདི་མཐོང་བ་ཙམ་གྱིས་ཀྱང་།
ལྡོག་ཕྱོགས་ཀྱི་མི་སྣའི་སྐྱོན་བརྗོད་པར་རེ་སྲིད།
དད་པས་ཞར་བའི་མིག་ཟུང་ཅན་དང་ཆགས་སྡང་ཆེ་བ་སྟེ།
ཆོས་ལུགས་ཀྱི་ལྷ་སྒྲུང་འུད་པོ་ཆེས་བཟི་ཟིན་པ་ཚོས།
ལྷས་སྦྱིན་དང་ཨ་ཁུ་ཁྲོ་ཐུང་གི་སྟེང་དུ་ཡ་སོས་མ་མཆུ་མནན་ནས།
ཨམ་གཙིགས་དྲག་ཏུ་བསྡམས་ཤིང་འཚིག་པ་གཏིང་ནས་ཟ་སྲིད་ནའང་།
སྒྱུ་རྩལ་གྱི་རབ་ཁ་ན། ལྷས་སྦྱིན་དང་ཨ་ཁུ་ཁྲོ་ཐུང་གཉིས་མ་མཆིས་ཚེ།
གཞོན་ནུ་དོན་གྲུབ་དང་བུ་སྡུག་ཇོ་རུ་གཉིས་ཀྱི་སྣང་བརྙན་རབ་རིབ་བམ།
གཏན་དུ་མི་གསལ་བའི་ངག་རྒྱུན་རྙིང་གོག་ཐེད་པོ་ཞིག་ཡིན་ངེས་རེད།
ལྷས་སྦྱིན་དང་ཨ་ཁུ་ཁྲོ་ཐུང་ལ་དཀར་འདོན་བྱེད་མཁན་མེད་པའམ།
ཁྲིམས་ཞིབ་ཁང་ཞིག་ཡེ་ནས་ཡོད་མ་མྱོང་བ་བདེན་དུ་ཆུག་ཀྱང་།
སྒྱུ་རྩལ་རྩོམ་རིག་གིས་གྱོད་ཞིབ་བྱས་ནས་ས་མཚམས་དགར་ངེས།
སྟོན་པ་ཤཱཀྱ་ཐུབ་པའི་གདུལ་བྱ་ཤིན་ཏུ་དར་བ་དང་།
གླིང་སེང་ཆེན་གྱི་མཛད་རྗེས་ཆེ་ཚུལ་གླེང་རྒྱུ་ཡོད་པ་དེ།
ལྷས་སྦྱིན་དང་ཨ་ཁུ་ཁྲོ་ཐུང་གཉིས་ལ་རག་ལས་ཡོད་སྟབས།
བཀའ་དྲིན་ཞུ་དགོས་ན། ལྷས་སྦྱིན་དང་ཁྲོ་ཐུང་ལ་རྡོ་རིང་བཞེང་འོས།
བདེན་པ་བདར་བའི་ཨུ་ཚུགས་བྱ་འདོད་པའམ།
གནས་ལུགས་སྨྲ་བའི་ཁ་ལྕེ་བདེ་མོ་ཞིག་ཡོད་ཀྱང་།
སྟོན་པའི་སྐྱེས་རབས་དང་གླིང་སྒྲུང་གཉིས་ཇི་ལྟར་གླེང་།
འཚོ་བའི་བདེན་པས་ངོས་ལེན་བྱེད་མི་ནུས་པའི་ཕྱིར་ན།
སྒྱུ་རྩལ་གྱི་བདེན་པ་ལ་སྐྱབས་སུ་མི་འགྲོ་བའི་ཐབས་མེད་དོ། །
དགེ་སློང་ཕྱིན་ཅི་ལོག་ལྷས་སྦྱིན་ཕྲག་དོག་ཅན་དང་།
མི་རྒན་མགོ་བདེ་མ་བཞིའི་དཔོན་པོ་ཁྲོ་ཐུང་གཉིས་མེད་ན།
སྐྱེས་རབས་དང་གླིང་སྒྲུང་གི་བམ་ཁ་མཐུག་པོ་ཡིན་གྱི་མ་རེད།
སྟོན་པའི་སློང་ཕོར་སྟོང་པ་འགེངས་པའི་ལྷས་སྦྱིན་དཔའ་བོ་དང་།
གེ་སར་གྱི་ལྟོང་ཀ་ལྷོད་དུ་མ་བཅུག་པའི་ཨ་ཁུ་ཁྲོ་ཐུང་མགོ་གཉིས་མ་མེད་ན།
ཆོས་ལུགས་པའི་གཞིས་ཀ་རུ་སྔར་ནས་ཐན་པ་བབས་ཡོད་པ་མ་ཟད།
བོད་ཀྱི་རིག་གནས་དང་དབྱངས་གསལ་གྱི་ལས་གནས་ཤོར་ཡོད་རྒྱུ་རེད་ཡ།
ལྷས་སྦྱིན་དང་ཁྲོ་ཐུང་གི་ཁ་ལས་སྟོང་པ་ཉིད་དུ་གྱུར་ནའང་།
རྟེན་ཅིང་འབྲེལ་འབྱུང་གི་འདས་པོ་གཉིས་ལ་བཀའ་དྲིན་དང་མྱ་ངན་ཞུའོ། །
༢༠༢༥-༦-༢༦