Back To Top

ད་ནི།

བཀླགས་གྲངས། 336

—ལུགས་ལྡོག

ཚོར་ཤེས་ཀྱིས་རྫུན་གཏམ་བཤད་པ་མིན་ན།

ད་ནི། མཐའམ་མཚམས་ཤིག་ཏུ་སླེབ་ཀྱིན་པ་འདྲ།

 

ཡོང་ཡོང་ནས། འདིར་ལྷགས་པ་ནི།

ཚེ་འདིའི་བུ་ལོན་ཁྲ་ཁྲ་དེ་ཡིན་ནམ། ཡང་ན།

མཐའ་ཐིག་དམར་པོ་དམར་རྐྱང་དེ་ཡིན་ཆ་མི་འཚལ།

 

ལམ་འགག་གི་གཙང་པོའི་བཞུར་ཚད་དེས།

ང་ལ་ཤིན་ཏུ་ནས་ཟུར་ཟ་བྱེད་ཀྱིན་པ་འདྲ།

 

ད་ནི། བཤད་ཟེར་ན་སྔ་དྲགས་པ་དང་།

གསང་བ་བྱས་ན་བུ་ག་བརྡོལ་ཡོང་བའི།

འཚེར་སྣང་གི་འགྱིག་ཐུམ་དེ་རལ་བར་དོགས།

 

རྣ་རྩར་ཤུབ་བུར་བཤད་ན་སྙིང་གཏམ་དུ་འགྱུར་རམ།

སྲང་ལམ་གྱི་བརྡ་ཐོ་ལྟར་ཀུན་གྱི་བཀླག་བྱ་རུ་འགྱུར་སྲིད།

 

ཡོང་གིན་ཡོང་གིན་དུ་བསྒྲིགས་པ་རྣམས།

འགྲོ་བཞིན་འགྲོ་བཞིན་དུ་ཞོར་ཟས་བྱས་བཞག་ན།

སོང་གིན་སོང་གིན་ལམ་རྒྱུས་བྱ་མི་དགོས་པར་གྱུར་ཏེ།

བཤད་ནས་ཤེས་སོང་བའམ་རང་བཞིན་གྱིས་ཧ་གོ་སོང་བ་ལྟར།

ད་ནི་ཁྱད་པར་མེད་དོ་ལབ་པའི་དུས་ཤིག་འབྱུང་རྒྱུ་ལ་སྒུག་གོ །

༢༠༢༥-༦-༢༧

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།