བཀླགས་གྲངས། 350
—ལུགས་ལྡོག
ཤིས་པ་བརྗོད་པ།
སྐྱེ་བ་འདི་རུ་ཁ་པར་དྲིན་ཆེན་དང་། །
འབྲེལ་མེད་ཆ་འཕྲིན་ཉག་ཉོག་ལོངས་སྤྱད་དེ། །
ས་གནམ་བར་གྱི་གད་སྙིགས་མཉམ་སྤུངས་ཏེ། །
དྲྭ་འབུ་དཀྲུག་གཏེའི་གོ་འཕང་འཐོབ་པར་ཤོག །
བརྩམ་པར་དམ་བཅའ་བ།
གཞན་གྱི་བྱ་སྤྱོད་རང་གི་བསམ་ཚུལ་གཉིས། །
ཧ་ལམ་འདི་འདྲ་ཞིག་ནི་ཡིན་ཚོད་ཀྱིས། །
བློ་ལྡོག་རྣམ་བཞི་གསར་མ་འབྲི་བ་ཡི། །
ལས་སུ་འཇུག་སྟེ་རང་མོས་ཚུལ་དུ་གཞོལ། །
༡༽ དལ་འབྱོར་རྙེད་སླ་བ།
ཆགས་པས་མྱོས་པའི་ན་གཞོན་ཕོ་མོ་གཉིས་ཀྱིས།
དུས་ཚོད་ཕྱེད་ཙམ་ལ་ངལ་བ་བྱས་མཐར།
ཁུ་ཁྲག་འདྲེས་ཏེ་མངལ་དུ་སྦྲུམ་ཟིན་པ་ནི།
སང་ཕོད་ཀྱི་བྱིས་པ་མགོ་ཆེན་པོ་ཅན་དེ་ཡིན་པས།
རྙེད་དཀའ་བའི་ཐ་སྙད་མ་སྤྱོད་རོགས་ཞུ་བ་ཡིན།
ཁ་ཆེའི་རིགས་ཀྱི་འཕེལ་འགྱུར་དེ་ཡིད་ལ་དྲན་པར་གྱིས་དང་།
དལ་འབྱོར་རྙེད་དཀའི་བརྡ་དོན་ལ་སྙིང་པོ་མེད་པ་རྟོགས་ཡོང་།
༢༽ འཆི་བ་རྟག་པ།
ང་རང་ཚོས་འཆི་བ་མི་རྟག་པ་ཞེས་བསྙད་ཀྱང་།
གནས་བརྟན་དུ་བསྡད་རྒྱུ་ལྟ་བུའི་ལས་བྲེལ་ལ་བལྟས་ན།
འཆི་བ་མི་རྟག་པའི་བརྡ་ཆད་ལ་རིན་ཐང་མི་འདུག
ཡང་གཅིག་བཤད་ན། འཆི་བའི་རང་ལྡོག་རྟག་པ་ཡིན་ཙ་ན།
ད་ནས་བཟུང་། འཆི་བ་རྟག་པ་ཞེས་ཉིན་རེར་ལན་མང་དུ་བཟླའོ། །
༣༽ ལས་རྒྱུ་འབྲས་མི་འདུག
ཕལ་བ་དང་ཉམ་ཆུང་། དྲང་བདེན་སྐྱོང་མཁན་ཚོའི་སྟེང་དུ།
ལས་རྒྱུ་འབྲས་ཟེར་བ་དེ་ཡོད་ཡོད་འདྲ་བ་ཞིག་ཡིན་ཡང་།
བཙན་པོ་དང་ཕྱུག་བདག་ཚོའི་སྟེང་དུ་འཁོར་སླ་བ་ཞིག་མིན་སྟབས།
ལས་རྒྱུ་འབྲས་ནི་གཉོམ་ཆུང་ཚོ་ནུས་མེད་བཟོ་ཐབས་ཙམ་དུ་ཟད།
སྣོག་ལས་ཅི་ཙམ་བྱས་ན་དར་ཞིང་འཕེལ་བ་དེས།
རྒྱུ་འབྲས་ཀྱི་རྒྱ་མ་ཧྲུག་ཆག་ཏུ་གཏོང་གིན་འདུག་ཨང་།
༤༽ འཁོར་བ་ཉེས་མེད་ཡིན།
འཁོར་བ་ནི་འུ་ཅག་གི་གཞིས་ཀ་ཕུན་སུམ་ཚོགས་པའམ།
ཞིང་ས་གཤིན་པོ་དེ་ཡིན་པའི་བདེན་དཔང་གིས།
ཉེས་དམིགས་ཅན་ཡིན་པར་བགྲང་ན་ལོག་རྟོག་རེད་ཡ།
འཁོར་བ་འགྲིབས་ཟིན་པའི་དབང་དུ་བཏང་ན།
སྲིད་འབྱོར་གཉིས་ཀ་དར་ཐབས་མེད་པའམ།
དགོན་མ་ལག་གཉིས་ཀྱང་བདོ་མི་ཡོང་བས་ན།
འཁོར་བ་ལ་བསྙོན་པ་དང་ཉེས་འཛུགས་བྱེད་པ་ནི།
དྲིན་ལན་ལོག་འཇལ་གྱི་ཚད་གཞི་མཐོ་ཤོས་ཤིག་རེད་འདོད་དོ། །
མདོར་ན།
བློ་ལྡོག་རྣམ་བཞི་ཟེར་བ་ནི།
གྲོད་ཁོག་བརྒྱགས་ཏེ་གཉིད་ཁུག་ཞོར་དུ།
སྐད་ཆ་ལྡབ་བེ་ལྡིབ་བེ་སྨྲ་བ་དེ་ཡིག་ནོར་དུ་ཕབ་འདུག་སྙམ་མོ། །
༢༠༢༥-༦-༢༨