བཀླགས་གྲངས། 879
—ལུགས་ལྡོག
གུས་ཞུ།
བུམ་པ་བདུད་རྩིས་བཀང་སྟེ་ཕྱི་ཡི་དབང་བསྐུར་གནངས་པ་དང་། །
རང་ལུས་ལྷ་སྐུར་བསྐྱེད་དུ་འཇུག་པའི་ནང་གི་དབང་བསྐུར་ཅིང་། །
གསང་བ་བདེ་སྟོང་སྒྲུབ་པ་དོན་གྱི་དབང་བསྐུར་གནད་སྦྱིན་གང་། །
དུས་འདིར་བདག་ལ་ཤིས་པའི་དངོས་གྲུབ་སྩོལ་ཅིག་རྡོ་རྗེ་འཆང་། །
འབྲི་བར་དམ་བཅའ་བ།
དུས་ཀུན་ཡིད་གཉིས་ཐེ་ཚོམ་མ་དག་འོབས་དོང་ལྷུང་མོད་ཀྱང་། །
དེ་རིང་མཎྜལ་གཟུགས་སུ་ཆོས་ཀུན་དག་སྣང་བཞེངས་བསྐྲུན་གྱིས། །
བདག་གི་སློབ་དཔོན་གཉིས་པ་བསྟན་འཛིན་རྒྱ་མཚོ་གང་ཉིད་དང་། །
འབྲེལ་བའི་ཚིགས་བཅད་འབྲི་བར་མ་བསྐུལ་སྤྲོ་བས་འཇུག་པར་བྱ། །
༡༽
འཇིག་རྟེན་ཁྱོན་གྱི་ནམ་མཁའ་སྟོང་པའི་དཀྱིལ་འཁོར་ཡངས་པོ་རུ། །
འོག་གཞི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་ཞིང་དབྱིབས་ཟླུམ་པོ། །
དཔངས་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཐད་ཞེང་འབུམ་ཕྲག་བཞི། །
མཐའ་སྐོར་ཞེང་ནི་སུམ་འགྱུར་འབུམ་ཕྲག་བཅུ་གཉིས་མངའ་བ་ཞིག །
༢༽
དེ་ཡི་མཐའ་སྐྱོར་ཚུལ་གྱི་ནང་དུ་མེ་དཀྱིལ་དམར་པོ་སྟེ། །
འོག་གི་རི་བདུན་རྡོ་རྗེ་ལྕགས་རིའམ་རྟ་གདོང་མེ་ཞེས་པ། །
མཐའ་སྐྱོར་ནང་དུ་ཆུ་དཀྱིལ་དཀར་པོ་མཚོ་བདུན་ལན་ཚྭའི་མཚོ། །
རྒྱ་མཚོ་ཆེན་པོ་དྭངས་གཙང་དྲི་མེད་ཡན་ལག་བརྒྱད་ལྡན་ཆབ། །
༣༽
ཡང་དེའི་མཐའ་ནས་སྐྱོར་བའི་ནང་དུ་ས་དཀྱིལ་སེར་པོ་སྟེ། །
དཀྱིལ་འཁོར་གསུམ་གྱི་དཔངས་ནི་འོག་གཞི་རླུང་དཀྱིལ་དང་འདྲ་བ།།
ཐད་ཞེང་དཔག་ཚད་རེ་རེ་དམན་པ་དང་ནི་མཐའ་ཞེང་ནི། །
མཐའ་སྐོར་ཞེང་ལ་རང་རང་གི་ནི་སུམ་འགྱུར་བདོག་པ་འོ། །
༤༽
རླུང་མེ་ཆུ་ས་འབྱུང་བཞིའི་དཀྱིལ་འཁོར་བསླངས་པའི་དབུས་སུ་ནི། །
རི་རབ་དབྱིབས་ཟླུམ་དཀར་ཡོལ་གྱེན་དུ་བསླངས་འདྲའི་དཔངས་སུ་སྟེ། །
དཔག་ཚད་འབུམ་ཕྲག་གཅིག་དང་ཐད་དཔག་སྟོང་ཕྲག་བརྒྱད་ཟུང་དང་། །
མཐའ་འགྲམ་ཞེང་གཉིས་ལ་ནི་དཔག་ཚད་སྟོང་ཕྲག་གཅིག་གིས་བསྐོར། །
༥༽
རི་རབ་རྩ་ནས་རྩེ་མོའི་ཤར་ལྷོ་བྱང་ནུབ་མདོག་མི་མཚུངས།
ཨིན་དྲ་ནཱི་ལ་སྔོན་པོ་པད་མ་རཱ་ག་དམར་པོ་སྟེ། །
ཟླ་བ་ཆུ་ཤེལ་དཀར་པོ་ཀར་ཀེ་ཏ་ན་སེར་པོ་དང་། །
དབུས་ནི་མར་གད་ལྗང་ཁུས་མཛེས་ཤིང་བཀྲ་བའི་མཎྜལ་ལོ། །
༦༽
དེ་ཡི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །
སྣ་ཚོགས་པད་མ་འདབ་གྲོལ་སྐྱོན་གྱིས་མ་གོས་མཚོན་གདན་དུ། །
ཉི་གདན་དམར་སེར་རྨོངས་མུན་སེལ་བའི་གདན་སྟེངས་སུ། །
འགྲོ་བའི་གདུང་སེལ་མཚོན་པའི་ཟླ་གདན་དཀར་པོ་དྭངས་བསིལ་དུ། །
༧༽
༧ བསྟན་འཛིན་རྒྱ་མཚོ་བགྲང་བྱ་དགུ་བཅུར་སོན་པ་ཡར་བཞེངས་ཏེ། །
ངོ་བོ་སྤྱན་གཟིགས་རྣམ་པ་ཤཱཀྱའི་དགེ་སློང་བཞད་པའི་ཞལ། །
ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཡོན་ཐལ་མོ་སྦྱོར་བ་དང་། །
ཕྱག་གཡས་ཀུན་ལ་སྙོམས་པའི་བྱམས་བརྩེའི་བསིལ་ཆབ་འཛད་མེད་སྦྱིན། །
༨༽
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །
སྣང་བའི་ཆ་ནས་སྤྱན་གྱི་དཀར་ནག་ཆ་སོགས་གསལ་ཞིང་དྭངས། །
སྟོང་པའི་ཆ་ནས་སེམས་མེད་བེམ་པོའི་རྣམ་པ་མ་ཡིན་ཞིང་། །
སྐུ་ཡི་འོད་ཟེར་གསུང་གི་སྒྲ་དབྱངས་ཐུགས་ཀྱི་མཁྱེན་བརྩེ་རྒྱས། །
༩༽
ཕྱི་སྣོད་གཞལ་ཡས་ཁང་དང་ནད་བཅུད་ཐམས་ཅད་ལྷར་གྱུར་པ། །
སྐུ་ཚེ་རིང་ཞིང་བརྟན་པར་བཞུགས་ཤིག་སློབ་དཔོན་དམ་པ་ཀྱེ། །
ཞེས་པའི་ངག་གི་འབོད་སྒྲ་བརྟན་བཞུགས་འབུལ་བའི་ཡིད་སྤྲུལ་ཏེ། །
སྲིད་པ་གསུམ་གྱི་འགྲོ་རྣམས་རྣ་བ་བླགས་ཤིང་གུས་པས་བཏུད། །
༡༠༽
བདག་ཀྱང་འཕགས་བོད་མཚམས་སུ་འགྲེང་བའི་མོས་པ་ཆེན་པོ་ཡིས། །
རྐང་གཡས་བོད་དང་རྐང་གཡོན་འཕགས་ཡུལ་འཇོག་པའི་ང་རྒྱལ་གྱིས། །
གང་གི་མདུན་སར་གཞིས་བྱེས་མཆོད་པའི་བཀྲ་ཤིས་རྫས་རྟགས་དང་། །
སྣ་བདུན་ཚོགས་ཀྱིས་བྱུར་བུར་བཀང་བ་བཏེགས་ཏེ་བརྟན་བཞུགས་འབུལ།
༡༡༽
ལག་གཡོན་འབྲུ་དང་མཎྜལ་བཟུང་ཞིང་གཡས་པའི་མཁྲིག་མ་ཡིས། །
ལན་གསུམ་ཕྱིར་ཕྱིས་རང་གཞན་རྒྱུད་ཀྱི་དུག་གསུམ་འཁྲུད་པ་དང་། །
ལན་གསུམ་ནང་ཕྱིས་རང་གཞན་རྒྱུད་ལ་བསླབ་གསུམ་ཡོན་ཏན་ཀུན། །
ལྡན་ཞིང་དྲི་བཟང་ཆུ་བྱུགས་རང་རྒྱུད་བྱང་ཆུབ་སེམས་ཀྱིས་བརླན། །
༡༢༽
ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་བར་དམིགས་པ་ཡིས། །
སྟོང་གསུམ་སྟོང་ཆེན་ནམ་མཁའི་མཐའ་ཀླས་འཇིག་རྟེན་བློས་བླངས་ཏེ། །
མཎྜལ་ཆེ་བར་མ་གྱུར་སྟོང་གསུམ་ཆུང་ངུར་མ་སོང་བའི། །
ངོ་མཚར་ཡིད་ཀྱི་མཆོད་པ་ཀུན་སློང་དག་པས་མཛེས་པར་བྱས། །
༡༣༽
རང་གི་ལུས་ཀྱི་པགས་པ་འདི་ཡང་དབང་ཆེན་གསེར་གྱི་ས་གཞིར་སྤྲུལ་ཏེ་བྱང་ཁོག་དེ་ཡང་རི་བོ་མཆོག་རབ་དང་། །
ཡན་ལག་བཞི་པོ་གླིང་བཞིར་བཀོད་ཅིང་ཉིང་ལག་བརྒྱད་ནི་གླིང་ཕྲན་བརྒྱད་དེ་མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་སྟེ། །
མིག་ཟུང་ཉི་ཟླ་སྙིང་ནི་ཡིད་བཞིན་ནོར་བུ་ཤ་འདི་མེ་ཏོག་ཚོམ་བུ་ཁྲག་ནི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། །
སྐྲ་དང་བ་སྤུ་དཔག་བསམ་ལྗོན་པ་འབྲས་བུ་ནང་ཁྲོལ་མ་ཚང་མེད་པར་མོས་ནས་ཚོགས་ཀྱི་མཎྜལ་གཙང་མ་བཏེགས། །
༡༤༽ ཡང་ན།
རང་ལུས་པགས་པའི་གསེར་གྱི་ས་གཞི་རྒྱུ་མའི་ལྕགས་རི་ཁོར་ཡུག་སྒལ་ཚིགས་རི་བོ་མཆོག་རབ་མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་དང་། །
རྐང་ལག་གླིང་བཞི་མིག་གི་ཉི་ཟླ་རྣ་བ་སྒྲ་གཅན་དུས་མེ་སྣ་ནི་གཏེར་གྱི་བུམ་པ་དང་ནི་ལྕེ་འདི་འདོད་པ་འཇོ་བའི་བ། །
རྐང་སོར་བཅུ་པོ་ཕྱི་ཡི་ལྷ་མོ་བཅུ་སྟེ་ལག་སོར་རྣམས་ནི་ནང་གི་ལྷ་མོ་བཅུ་དང་ཚིགས་ཆེན་བརྒྱད་ནི་བཀྲ་ཤིས་རྟགས་བརྒྱད་དེ། །
དོན་སྣོད་རྒྱལ་སྲིད་སྣ་བདུན་མགོ་སྐྱེས་སྐྲ་དང་བ་སྤུ་ལྷ་མིའི་ལོངས་སྤྱོད་མ་ཚང་མེད་ཅིང་རང་བཞིན་ལྷུན་གྲུབ་བསྒོམས་ཏེ་འབུལ་ཞིང་མཆོད། །
༡༥༽
འདི་ན་འཇའ་ཚོན་འཁོར་ལོ་བཀྲ་ཞིང་རང་བྱུང་ཆུ་མོའི་ནོར་བུ་དགའ་འཁྱིལ་ཏེ། །
འབྲས་ལྡན་ལྗོན་པའི་བཙུན་མོར་འཁྱུད་པའི་ཁུ་བྱུག་བློན་པོའི་ཕོ་ཉས་གྲེ་འགྱུར་སྒྲོག །
རི་བོའི་གླང་ཆེན་ལྷོད་ཉལ་བྱེད་ཅིང་བྲག་རྡོའི་ཕ་བོང་འཚེར་སྐད་ལྷང་ལྷང་དང་། །
ཆུ་འཛིན་དཀར་ནག་དམག་དཔོན་འཁོར་གསུམ་ཐོགས་འདྲའི་རྒྱལ་སྲིད་སྣ་བདུན་མཆིས། །
༡༦༽
ལུས་ཀྱི་སྤྲུལ་པ་རྩྭ་དང་རྩི་ཤིང་ཚོགས། །
ངག་གི་དབྱངས་རྟ་ཆུ་ཕྲན་གཙང་པོའི་རྒྱུན། །
སེམས་ནི་རྟག་འགྲོ་རླུང་གི་མགྱོགས་མྱུར་གྱིས། །
གང་གི་ཞབས་པད་བརྟན་པའི་ཚོགས་གཉིས་གསོག །
༡༧༽
ལུས་ནི་བྱ་བྱེད་དབེན་པར་གནས་པ་དང་། །
ངག་འཁྱལ་ཅ་ཅོའི་ཚིག་རྩུབ་ཉུང་བྱས་ཏེ། །
ཡིད་ནི་རྣམ་རྟོག་ཆགས་སྡང་མ་བསླད་པར། །
ཚིགས་སུ་བཅད་པ་འདི་དག་མཎྜལ་རྟེན། །
༡༨༽
ཕར་ལ་འབྱིན་པའི་དབུགས་ཀྱི་རྒྱུ་བ་རུ། །
དགེ་བའི་ལས་ཀུན་སེམས་ཅན་ཡོངས་ལ་བསྔོ། །
ཚུར་ལ་རྔུབ་ཚེ་སྡུག་བསྔལ་ཁུར་ལྕི་བ། །
རང་ཐོག་ལེན་པ་འདི་ཡང་མཎྜལ་འབུལ། །
༡༩༽
དག་སྣང་འཇིག་རྟེན་ཁམས་ཀྱི་གླིང་ག་ནས། །
འཕུར་ལྡིང་བུང་བའི་ཚོགས་ཀུན་ཕྱོགས་སྤྲོས་ཏེ། །
འཚེ་མེད་བདེན་པའི་བ་དན་བསྒྲེངས་པ་ཡིས། །
གང་གི་མཛད་འཕྲིན་བསྐལ་པའི་མཐར་རྒྱས་ཤོག །
༢༠༽
འཕགས་བོད་མཚམས་ཀྱི་ས་ཐིག་བརྒལ་ཙམ་གྱིས། །
རང་སེམས་ངག་གི་རོལ་མོ་དཀྲོལ་འདོད་ཀྱང་། །
འཕགས་འབྲུག་མཚམས་ཀྱི་ཡིད་ཀྱི་དག་སྣང་འདིས། །
འཐུས་པར་བྱས་སོ་སྐུ་ཚེ་ཞབས་པད་བརྟན། །
མཐོལ་བཤགས།
ཚིག་གི་དག་ཆ་དོན་གྱི་འགལ་བ་སོགས། །
ནོངས་པ་ཅི་མཆིས་སྙིང་ནས་མཐོལ་ལོ་བཤགས། །
གཟུར་གནས་བློ་ལྡན་ཡོ་བསྲང་རྣམ་དག་ལ། །
གུས་ཤིང་བསྐྱར་བཅོས་བྱེད་པའི་སྤོབས་པ་ཆེ། །
༢༡༥༢-༥-༥ དག་སྣང་ཉིན་མོ།