ལུགས་ལྡོག་གིས།
བཀླགས་གྲངས། 157
རྟ་གསེབ།
ཟླ་བཅུ་པའི་ཟིན་ཐོ། (༡)
རེ་བའི་རླུང་བུ་འཇམ་ཞིང་བྲེལ་བ་དེས
ང་ལ་དངོས་མེད་ཀྱི་གཤོག་ཟུང་བཏགས་ཏེ
འཆར་ནུབ་མི་མངའ་བའི་གནས་སུ་འཕུར་དུ་བཅུག
ངས རང་ཉིད་རྟ་ཕོ་ཅང་ཤེས་ཤིག་གི་ཟོལ་དུ
ཚེས་ཟླའི་དཔུང་རྒྱན་རྔོག་མའི་མཁའ་རུ་ཐོགས་ཏེ
མཐའ་མེད་ཀྱི་དབྱིངས་སུ་འབྱམས་པའི་ང་རྒྱལ་གྱིས
གོམ་ཆེན་གོམ་ཆུང་དུ་བསྲེས་པའི་འཚེར་སྐད་ལྷང་ལྷང་གིས
མུན་པའི་གྲོང་ཚོ་གཏོར་བའི་རྨིག་སྒྲ་ཞིག་སྒྲོག་འགོ་བརྩམ
མཚན་ལྗོངས་ཀྱི་གླེགས་བམ་ཀློག་ཐེངས་རེར
ཁེར་རྐྱང་གི་དབུགས་གཏོང་ལེན་གསལ་པོ་རྟོགས
རེ་བའི་མིག་ཟུང་གིས་ལྟ་དུས
ནུབ་ཕྱོགས་ནས་སྐྱ་རེངས་འཆར་བའི
སྣང་བ་བན་བུན་ཞིག་མཐོང་ཡོང་གི་འདུག་ཨང
༢༠༢༥-༡༠-༡
རེས་གཟའ་ལྷག་པ།
ཟླ་བཅུ་པའི་ཟིན་ཐོ། (༢)
རི་ལ་ཡན་པ།
འཁོར་བའི་སྨུག་ཀློང་སྲིད་པའི་ཐང་ཆེན་དུ། །
ཤུགས་ཀྱིས་བགྲོད་པའི་རྨིག་སྒྲ་ཐག་གེ་རུ། །
སྣང་བ་རླུང་གིས་སྤུར་བའི་སྤོབས་པའི་འགྲོས། །
སྒང་གཤོངས་འཕྲེད་ཀྱིས་གཅོད་པའི་ང་རྒྱལ་ན། །
ཁེར་རྐྱང་རི་ལ་ཡན་པའི་ལྷིང་འཇགས་ཀྱིས། །
དགྲ་ནག་གདོང་གི་ཁྲོ་གཉེར་ཞི་སོང་བས། །
འཛིན་མའི་ཁོར་ཡུག་རང་བཞིན་འགྱུར་བག་གིས། །
སྲོག་ཆགས་ཕལ་བའི་སེམས་ཁམས་བདེ་བས་ན། །
གྱི་ལིང་རྟ་མཆོག་མགྱོགས་འགྲོས་མིང་གིས་འབོད། །
༢༠༢༥-༡༠-༢
རེས་གཟའ་ཕུར་བུ།
ཟླ་བཅུ་པའི་ཟིན་ཐོ། (༣)
འཇམ་པོས་རྩུབ་པོ་གཞོམ་པ།
མཐའ་ཡས་པའི་རྩྭ་ཐང་དུ
རང་ཉིད་མི་ཤོང་བའི་ཚོར་བ་བྱུང་སྟེ
རྫ་རྡོའི་མུ་ཁྱུད་ཀྱི་ར་བ་བརྒལ་འདོད་སྐྱེས
ཞི་འཇམ་གྱི་ངང་ནས
བཙན་རྫོང་དབྲལ་རྒྱུ་ཟེར་ན
སྙིང་ཆུང་རྐུན་པོའི་བྱེད་སྟངས་སུ་གོ་སྲིད་ནའང
ཇག་པ་ཞིག་གི་ཐད་ནས་དམན་ས་བཟུང་ཡོད
མཚམས་རེར ཞི་བའི་ཐབས་ཀྱིས
རང་ཉིད་ཀྱང་འགག་སྒོ་དང་མཚུངས་པར
སྤྲུལ་སྒྱུར་ཆུང་ངུ་ཞིག་བྱ་དགོས་བྱུང་སོང་
གནས་ལུགས་ཅི་ཙམ་བཙན་ནའང
དགག་པ་ལས་དགོས་པ་གཙོ་དུས་ཡིན
ཚད་ཐིག་རྒལ་བཞིན་པའི་སྒྲ་སྐད་དེ
ཡིད་ལ་ངེས་པའི་དབྱངས་རྟ་བཙན་པོ་ཞིག་སྟེ
རྣ་བ་གཉིས་སུ་བརྐོས་པའི་ཟིན་བྲིས་སམ
མ་འོངས་པའི་ཡིག་ཚགས་ཁུངས་ཐུབ་ཅིག་གོ
༢༠༢༥-༡༠-༣
རེས་གཟའ་པ་སངས།
ཟླ་བཅུ་པའི་ཟིན་ཐོ། (༤)
སྒྲོ་འདོགས་ཀྱི་འཕེལ་ཁ་རྒོད་པའི
དུས་རབས་ཉི་ཤུ་པའི་ཁ་སང་གི་ནུབ་མོ་དང
དུས་རབས་ཉེར་གཅིག་པའི་དེ་རིང་གི་ཞོགས་པར
གངས་དཀར་གྱི་རི་བོའང་རྡུལ་དྲེག་གིས་བསྒྲིབས
ལོ་རྒྱུས་ཀྱི་སྲབ་སྐྱོགས་དཀྱུ་ཐེངས་རེ་རེར
བྱ་བཏང་གི་རྣལ་འབྱོར་བ་ཞིག་ཡིན་ཡང
འཚིག་པ་གཏིང་ནས་ཟ་ཤག་ཤག་རེད་ཨང
དད་པའི་མཆོད་སྟེགས་རང་ཁྱིམ་དུ་བཞག་སྟེ
འཇིག་རྟེན་དུ་འདུར་མ་རྒྱུག་གིས་གཞལ་བ་ནི
བདེ་སྐྱིད་ཀྱི་དགོད་སྒྲ་མ་ཐེག་པ་མ་ཡིན་ཏེ
འུ་ཐུག་ཐབས་ཟད་ཀྱི་གདམ་ག་ཡིན་སྟབས
བྱང་ཁོག་གི་ཆུ་སེར་ལྷོག་ལྷོག་ཏུ་གདུ་གི་འདུག
འགལ་བ་དང་རྩོད་གླེང་གི་རྒྱུན་ཐག་ནི
ཡར་རྒྱས་ཀྱི་ཆུ་ལུད་དང་དྲོད་གཤེར་དུ་བསྙད
མདུན་རྒྱབ་གཉིས་ཀ་སྒྲིབ་བཞིན་པ་འདི
རང་བྱུང་གི་སྨུག་པ་དང་ན་བུན་མ་ཡིན་ཏེ
ཚན་རྩལ་གྱི་དུག་རྫས་ནག་པོ་ཡིན་པར་བརྟེན
གདོད་མ་དང་བཅོས་མ་གཅིག་མཚུངས་སུ་འཁྲུལ
ཀྱེ་ཀྱེ རྟ་བདག་ཚོ
ཁྱོད་ཚོ་ལ་ཡེ་ཤེས་ཀྱི་སྤྱན་མེད་ན་ཆོག
ཁྱོད་ཚོ་ལ་ཟག་བཅས་ཀྱི་མཁྱེན་པ་མེད་ཀྱང་རུང
ཁྱོད་ཚོ་ལ་ལོ་རྒྱུས་རིག་པའི་སྨྱུ་གུ་མེད་ནའང་འགྲིག
གཏན་དུ་མི་འགྱུར་བའི་སྒམ་ཚུགས་བཙན་པོ་དང
ཆགས་སྡང་གི་གོ་ཁྲབ་ལྕགས་ཞུན་མ་རེ་ཅིས་ཀྱང་ཡོད་དགོས
ཆགས་སྡང་གི་མེ་ལྕེའི་ཀློང་དུ
རྟ་བདག་ཚོའི་བར་དུ་ཆག་སྒོ་བསླངས་ན
རྩྭ་ཐང་གི་རྟ་བདག་ཡིད་ཆེས་འཕེར་བ་ཞིག་མ་རེད
འུ་ཅག་རྟ་ཁྱུ་ཞིག་ཡིན་པའི་དབང་དུ་བཏང་ན
འདྲོགས་འདྲོགས་ཏེ་ས་སྒང་རྫོགས་མི་འགྲོ་བས
དབུགས་གཏོང་ལེན་དང་མིག་ཟུར་གཡོ་སྟངས་ནི
རྟ་ཕོ་དང་རྒོད་མ་རེ་རེའི་རང་གཤིས་ལ་རག་ལས་སོ
༢༠༢༥-༡༠-༤
རེས་གཟའ་སྤེན་པ།
ཟླ་བཅུ་པའི་ཟིན་ཐོ། (༥)
མཚན་མོ་དཀར་པོ།
ཉིན་མོའི་ཐང་ནག་ཏུ་བརྒྱུགས་བརྒྱུགས་མཐར
མཚན་མོ་དཀར་པོ་ཞིག་རང་སེམས་སུ་བཙས
དུས་རབས་འདི་པི་ཝཾ་ཞིག་ཡིན་ན
ང་རང་ཡང་རྒྱུད་སྐུད་ཅིག་ཡིན་ཆོག
གདངས་མེད་པའི་ཁ་སང་དེ་རིང་ནི
རོལ་མོ་སྣ་ཚོགས་དར་བའི་སྟོན་ཁ་ཞིག་རེད
སྨག་ནག་པའི་དགུན་ཁ་འདིར
འཚོ་བའི་དཔལ་ཡོན་དར་དྲགས་ཏེ
རྨི་ལམ་འཁྲུག་ཆ་དོད་པོ་རུ་འགྱུར་གྱིན་ཡོད
མགོ་ལུས་ཡོངས་རྫོགས་རྔུལ་ཆུར་སིམ་དུས
རྐྱང་གཞས་གདངས་མེད་པ་ཞིག་གྲག་ཡོང་གི་འདུག
ལྷག་བསམ་གྱི་ཁྲག་རྣག་བཞུར་ཐེངས་རེར
ཁ་གསག་དང་སྤྲེལ་གར་གྱི་མཆོད་པ་བཏེགས་ནས
བཙན་པོའི་རྨུ་ཐག་ལ་འཇུ་བའི་གཏམ་རྒྱུད་རབ་རིབ་ཅིག
གཞུང་གི་མཛད་སྒོ་ནས་ཇ་ཁ་ཆང་ཁའི་བར་འཆད་ཀྱིན་ཡོད
འཆི་ཁའི་ངལ་གསོ་ལྟ་བུའི
འུ་ཅག་གི་རེ་བའི་སྐྱོ་གཞས་འདི
དོན་དངོས་སུ གྲི་སོའི་སྒང་གི་ནས་འབྲུའམ
མཚན་མོ་དཀར་པོའི་ཉི་འོད་རྗེན་པ་སྟེ
ཡང་ན ཐ་སྙད་ཀྱིས་བསླུས་པའི་རྨི་ལམ་ཡིན
༢༠༢༥-༡༠-༥
རེས་གཟའ་ཉི་མ།
ཟླ་བཅུ་པའི་ཟིན་ཐོ། (༦)
འདོ་རིགས་སུ་སྤྲུལ་བ།
ང་ཚོ་ལ
ཆིབས་པ་ཞེས་མིང་སྙན་པོ་ཞིག་བཏགས་ཏེ
ལྕག་ཚན་ངར་མ་གཞུས་ཀྱང་འཁང་ར་མེད་ཅིང
བཞོན་པ་ཟེར་ནས་ཡོབ་རྡེབ་གྲངས་མེད་བྱས་ཀྱང
རང་སེམས་མགུ་བའི་ཞབས་ཞུ་རྣམ་དག་བྱས་ཡོད
ངག་སྨྲ་བའི་རྣམ་དཔྱོད་མེད་སྟབས
དུད་འགྲོ་ཞིག་གི་ཚུལ་དུ་བརྙས་ནའང
ལྷག་བསམ་དང་ཀུན་སློང་གི་མཛེས་པ་ནི
རང་སེམས་དག་པའི་ཀུན་སྤྱོད་ཀྱི་ནམ་མཁའ་ཡིན
སྲབ་འཐེན་གཞུ་རྡུང་གི་འཚོ་བ་ལ
འཁང་ར་ཡེ་ནས་བྱེད་མ་མྱོང་བའི
རྟ་འདོ་བའི་ལ་རྒྱ་ནི་གསུབ་མེད་ཀྱི་ལ་རྒྱ་ཡིན
སྨག་ཆར་འདྲེས་མའི་ལྷ་རྭར
གནམ་ལྕགས་ཀྱི་ཁ་གཏད་དུ་འགྲེང་སྟེ
ཁྱིམ་བདག་གི་བདེ་སྡུག་ལ་ཧད་པའི
མིག་ཟུང་དང་རྣ་མཆོག་གི་རིགས་ཞེན་ནི
གདོད་མ་ནས་དག་པའི་གོམས་སྲོལ་ཡིན
ང་ཚོ་སྟེ འདོ་རིགས་ཀྱི་འགན་འཁྲི་ནི
མིང་ཐོབ་མེད་པའི་ཞབས་ཞུ་རྣལ་མ་ཡིན
༢༠༢༥-༡༠-༦
རེས་གཟའ་ཟླ་བ།
ཟླ་བཅུ་པའི་ཟིན་ཐོ།(༧)
རླུང་ཡན་སྤར་བ་གང་གིས
ང་རང་ཐེ་ཚོམ་གྱི་འོབས་དོང་དུ་གཡུགས
གླེང་རིན་མེད་པའི་དོན་དག་དེ
ཉམས་འཇོག་མ་བྱས་ན་ཆོག་ཀྱང
རུལ་ནས་དྲི་མ་ཁ་དུས་འཆོས་ཐབས་བྲལ
“རྟ་ཕོ་ཆས་ཀྱིས་གསོ་ན”ཞེས་པའི
ཨ་མེས་ཡང་མེས་ཚོའི་ངག་རྒྱུན་དེ
བློ་འཛིན་མ་བྱས་ཀྱང་ངག་ནས་བརྡོལ་ཡོང་བ་འདི
ཁ་སླ་སྟངས་ཤིག་གམ བག་ཆགས་ཀྱིས་བསླད་པའི
རྟག་བརྟན་གཡུང་དྲུང་གི་རེག་ཟིག་ཅིག་རེད་སྙམ
འགྲོ་མཚམས་བཞག་པ་ནི
ཤུལ་དུ་ལུས་པ་མ་ཡིན་ཏེ
གཏན་ལ་འབེབས་པའི་ཐིག་རིས་་ཤིག
རང་སེམས་སུ་བཀོད་པའི་ཚུགས་ཀའོ
༢༠༢༥-༡༠-༧
རེས་གཟའ་མིག་དམར།