Back To Top

གངྒཱའི་བཞུར་རྒྱུན། རི་སྤྱང་དང་འབྲེལ་བའི་མུ་འབྲེལ་སྙན་ངག་གི་ཟིན་ཐོ།

ལུགས་ལྡོག་གིས།

བཀླགས་གྲངས། 438

ཟླ་བཅུ་པའི་ཟིན་ཐོ།(༡༠)

གནད།


ཆུ་མོ་གངྒཱའི་བཞུར་རྒྱུན་དང་མཚུངས་པའི
གནའ་གཏམ་འདི་ལ་གཏོད་ས་ཞིག་མེད་པ་འདྲ

རི་ལུང་དུ་རྒས་ཟིན་པའི
རི་དྭགས་དང་གཅན་གཟན་གྱི་ཚོམས
རུས་ཀྲང་ཙམ་དུ་གྱུར་སོང་བ་བདེན་ནམ

སྤྱང་རྒན་ང
སངས་རྒྱས་ཀྱིས་བཟང་དུ་གཏོང་མི་ཐུབ
སེམས་ཅན་གྱིས་ངན་དུ་གཏོང་མི་ནུས་པའི
སྲ་ཞིང་འཐུས་པའམ་འཇམ་ཞིང་དེས་པ་སྟེ
རང་ལྟ་མཆོག་འཛིན་ཅན་ཞིག་ཏུ་འགྱུར་ཆོག

སད་སེར་དང་དྲག་ཆར་འབབ་པ་ནི
བདག་གི་གདོང་གྲོགས་བཟང་པོ་ཡིན་པས
འཁང་ར་དང་ཕྱིར་བཤོལ་བྱེད་འདོད་མེད

སྤྱང་ཀི་ང་ངན་པའི་དཔེ་རུ་བགྲང་འོས་ཀྱང
ང་ལ་འོས་འཚམ་གྱི་དཔེ་དང་སྐད་ཆ་ཡོད་མི་སྲིད

ཤེས་རབ་ཀྱི་མདའ་མོ་རྣོ་ཡང་ཆོག
བརྩོན་འགྲུས་ཀྱི་གཞུ་མོ་འཁྱོག་ཀྱང་རུང
དེ་དག་ལས་ཡན་གར་བའི་གནད་ཅིག་དགོས

ང་དང་སྤྱང་ཀི་གཉིས་བརྗོད་བྱ་ཙམ་ལས
བརྗོད་བྱའི་སྙིང་པོ་དང་འབྲེལ་བ་མེད་དོ


༢༠༢༥-༡༠-༡༠
རེས་གཟའ་པ་སངས།

ཟླ་བཅུ་པའི་ཟིན་ཐོ།

མ་བཅོས་པ།


ངན་སོང་གི་གཡང་གཟར་དུ་ལྷུང་བའམ
ཐར་པའི་དབྱིངས་སུ་བགྲོད་པའི་རྣམ་ཐར་ཞིག
སྤྱང་ཀི་ང་ལ་དགོས་དོན་ཡེ་ནས་མ་མཆིས

ཁངས་ཆར་དང་བུ་ཡུག་གི་དྲག་རླུང
ཡིད་ཆེས་དང་གདེང་ཚོད་ཀྱིས་བརྒལ་ན
རིགས་ལམ་དང་ཤེས་རབ་གལ་ཆེན་མིན་སྟབས
མོས་འདུན་གྱི་ཉི་ཟླ་གཉིས་ཡོད་པས་ཆོག

དམིགས་ཡུལ་གྱི་ཆེད་དུ
རང་ཉིད་ལ་ཅེར་བ་མ་གཏོགས་གཞན་ལ་མིན

ཕར་བལྟས་ཀྱི་མྱང་འདས་དང
ཚུར་བལྟས་ཀྱི་འཁོར་བའི་རྣམ་གཞག་མི་དགོས་ཏེ
སྤྱང་ཀི་རང་ཉིད་ལ་ཡིད་ཆེས་རྩེ་གཅིག་གིས
དགེ་བའི་ལས་དཀར་པོས་མི་གོས་ཤིང
མཚམས་མེད་ལྔའི་ལས་ནག་པོས་མི་འཇིག་པར
རང་གཤིས་གདོད་མའི་ང་རྒྱལ་གྱིས་བགྲོད་ཆོག་ཨང

བཅོས་མའི་དབྱིབས་དང་ཁ་དོག་གིས་མ་བརྒྱན་པའི
སྤྱང་ཀི་ང་ནི གཡུང་དྲུང་གི་རི་མོ་རྣལ་མ་ཞིག་ཡིན


༢༠༢༥-༡༠-༡༡
རེས་གཟའ་སྤེན་པ།

ཟླ་བཅུ་པའི་ཟིན་ཐོ།(༡༢)

རྡུགས།


ཁྱོད་ཚོས་སྤྱང་ཀི་ང་བཙལ་འདོད་ན
གང་ཟག་མཐོ་དམན་དང་དབུལ་ཕྱུག་གང་ཡིན་གྱིས
རྙེད་ཐུབ་པའི་ཨ་ཁུ་འདྲ་མཉམ་པ་དེ་ཡིན

རི་ཀླུང་ཀུན་ཏུ་བྲག་ཆ་འཁོར་བའི་འུར་སྒྲ་དང
རྒྱུག་མ་འདུར་གྱིས་སྤྱང་ཀི་ང་རྙེད་དཀའ་སྟེ
རྒྱུ་མཚན་ནི སངས་རྒྱས་ལའང་ཐབས་རྡུགས་ཏེ
གསུང་འབྱོན་རྒྱུ་ངལ་སོང་བའི་གཏམ་རྒྱུད་ཡོད

འོ་ན སྤྱང་ཀི་ཞེས་ཇི་ལྟར་བཏགས་ཞེ་ན
ལང་གཤེགས་སུའང་མིང་ཞིག་མ་བཏགས་ཚེ
འཇིག་རྟེན་ཀུན་རྨོངས་པའི་རྒྱུ་མཚན་བགྲང་བ་ལྟར
སྤྱང་ཀི་ཞེས་པའི་བཏགས་མིང་འདི་མི་ནོར་བར་བཏགས
ཀུན་ཏུ་བཟང་པོ་ཞེས་པའི་གཅེས་མིང་བཏགས་རུང་ཡང
སྤྱང་ཀི་ནི་སྤྱང་ཀི་རང་ཡིན་པས་དགའ་རྒྱུ་མེད

སྤྱང་ཀིའི་ལུས་ངག་ཡིད་གསུམ་དུ་དགེ་བ་ཞིག་ཡོད་དམ་ཟེར་ན
དགེ་བ་མེད་ལ་སྡིག་པ་ཡོད་པའི་འཁྲུལ་སྣང་དེའང་མེད


༢༠༢༥-༡༠-༡༢
རེས་གཟའ་ཉི་མ།

ཟླ་བཅུ་པའི་ཟིན་ཐོ།(༡༣)

ཁ་འཐམ།


སྤྱང་ཀི་ཤར་ཕྱོགས་ནས་ལུག་ཁྱུར་འདྲེས་སོང
ནུབ་ཕྱོགས་ནས་ཕྱུགས་རྭར་མཆོང་གི་འདུག་ཅེས
ཐེ་ཚོམ་གྱི་དབྱུག་པ་ཕྱར་ནས་ཤར་འདེད་ནུབ་འདེད་བྱས་ན
དུས་ཚོད་འཕྲོ་བརླག་གི་ངལ་བ་ཙམ་དུ་འགྱུར་ངེེས

གླེན་པ་ཚོས
འདུས་བྱས་དང་འདུས་མ་བྱས་རྩོད་དེ
སྤྱང་ཀིའི་བཏགས་དོན་བཙལ་ན་རྙེད་མི་སྲིད

ནང་བསྟན་མཚན་ཉིད་རིག་པའི་ཐོ་ཆེན་ཕྱར་ཏེ
སྤྱང་ཀི་ཤ་རྡུང་རུས་རྡུང་གིས་ཐལ་བར་འཐག་པའམ
མཛེས་སྡུག་རིག་པའི་ཤེལ་མིག་གྱོན་ནས་བལྟས་ཀྱང
ཡིད་ཚིམ་པའི་སྲོག་ཆགས་སྒོང་སྒོང་ཞིག་མི་རིག

འུ་ཅག་ཞིང་འབྲོང་ཕལ་བ་ཚོས
ལག་པ་ཐོད་ཁར་བཀལ་ཏེ་ཀུ་ཅོ་འདོན་བཞིན་དུ
ལ་ཆེན་བརྒལ་ཏེ་སྤྱང་མོ་འདུར་གྱིན་འདུག
ཐུར་རྒོད་བཅད་དེ་སྤྱང་ཁུ་ཡོང་གི་ཡོད་ཅེས
མཛུབ་མོ་ཀེར་ན་གླེན་རྟགས་ཁོ་ན་ལས་མེད

སྤྱང་ཀི་མཚོན་པའི་བརྡ་ཆད་འོས་ཤིང་འཚམ་པ་ནི
“ཁ་འཐམ”ཞེེས་པ་ལས་ལྷག་པ་ཞིག་མི་འདུག་ཡ
དེས་ན སྤྱང་ཀི་ལ་ཁ་འཐམ་ཞེས་འབོད་པ་ལེགས


༢༠༢༥-༡༠-༡༣
རེས་གཟའ་ཟླ་བ།

ཟླ་བཅུ་པའི་ཟིན་ཐོ།(༡༤)

མུན་ནག་གི་ཐོ་ཡོར།


མུན་ནག་སྨག་རུམ་གྱི་དཀྱིལ་འཁོར་དུ
རང་ཉིད་ཐོ་ཡོར་གྱི་ཚུལ་དུ་ཙོག་སྟེ
སྤྱང་ཀི་བཙལ་བ་ནི་ཐབས་མཆོག་ཅིག་ཡིན

སྤྱང་ཀི་འཛིན་འདོད་ཀྱི་ཧམ་སེམས་ཆེ་དྲགས་ཏེ
སེམས་ཤུགས་ཉམས་པའམ་བློ་ཕམ་འབྱུང་ཚེ
མཁའ་དབྱིངས་སུ་འཕུར་བའི་བྱ་རྒོད་རིག་ནའང
རང་གི་སྨིན་མ་མི་རིག་པའི་བདེན་གཏམ་དེ་དྲན་དགོས

གཅིག་བྱས་ན
“སླ་དྲགས་པས་ཡིད་མ་ཆེས
ཉེ་དྲགས་པས་ངོས་མ་ཟིན”
ཞེས་པའི་ཤངས་པ་ཚང་གི་གཏམ་དཔེ་ལྟར
ཐོ་ཡོར་འགྲམ་དུ་སྤྱང་ཀིས་གནས་བཅའ་བའི
ཡིད་ཆེས་དང་གདེང་མ་རྙེད་པ་མིན་ན་ཅི་ཡིན

སྤྱང་རྒན་གྱི་ཡན་ལག་ལྔ་དང་རྔ་མ་བཅས་དྲུག་པོ
དཀན་གཟར་རི་བོའི་ཕ་རོལ་ཏུ་ཤར་སེ་ཕྱིན་པའམ
འཇིགས་སྣང་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་ན
“ཁ་འཐམ”ཞེས་པའི་བློ་སྐྱེད་བླ་མེད་དམ་བྱང་ཆུབ་པའོ

དེ་བས་ཁ་ཇེ་གསལ་དུ་བཏང་ན
མགོ་ཉོག་པ་མ་ཟད་འཐོམ་འགྲོ་བར་དོགས


༢༠༢༥-༡༠-༡༤
རེས་གཟའ་མིག་དམར།

ཟླ་བཅུ་པའི་ཟིན་ཐོ།(༡༥)

བཙན་ས།

ངག་ནས་ངག
རྣ་བ་ནས་རྣ་བ་བརྒྱུད་པའི
ཨྀ་ཨུ ཨཱུ་ཨཱུ
ཨཻ ཨཽ་རྣམས་ཀྱིས
མུན་པའི་ལྷིང་འཇགས་ཧར་གྱིས་དཀྲོག
དེ་ནི སྤྱང་ཀི་དགའ་བའི་དོ་ཧ་ཡིན་ཆོག

སྤྱང་ཀི་ལ
དགེ་སྒྲུབ་སྡིག་སྤང་གི
བསོད་ནམས་ཀྱི་ཚོགས་ཟེར་བ་མེད

ཞེ་འདོད་ཀྱི་ཕྲ་རགས་མ་ཤེས་ན
སྤྱང་ཀིའི་ཕ་མེས་ཡང་མེས་ཤེས་ཐབས་བྲལ

འཁོར་བའི་རི་དྭགས་ཀྱི་བཙན་ས་ཟིན་པའི
སྤྱང་ཀིའི་གཏམ་རྒྱུད་བློས་བསླངས་བྱ་ཆོག་ཀྱང
མཐར་ཐུག་ཏུ་ལྕེ་ངལ་ཏེ གདོད་མ་ནས་གྲུབ་བོ་ཞེས
སྒམ་ཚུགས་ཀྱིས་མི་བཤད་ཐུ་མེད་ཡིན་ཚོད་གདའ

འོ་ན “གདའ”ཞེས་པའི་བརྡ་དོན་ཤོད་ཟེར་ན
ཕུ་བོ་མི་ལ་རས་པའི་མགུར་གླུ་ལ་ཉན་རོགས།

འུ་ཅག་གིས་རིག་འདེད་བྱས་ནས
སྤྱང་ཀི་ལ་བུ་རྒྱུད་མེད་དམ
སྤྱང་ཀི་ལ་ཡབ་མེས་མེད་དམ
སྤྱང་ཀའི་མ་འོངས་པ་དང་འདས་པ
ད་ལྟ་སོགས་དྲིས་ནས་འཁྲུགས་སོང་ན
ང་རང་ཚོ་མཐའ་མེད་པའི་མུན་ནག་ཏུ་འདེད་པ་ཡིན

སྤྱང་ཀི་ནི
འཁོར་བར་ཞེན་པ་ཞིག་དང
ཐར་པ་འདོད་པའི་སྲོག་ཆགས་ཤིག་ཡིན་ག་ལ་སྲིད

སྤྱང་ཀི་སྡོམ་ལྡན་ཞིག་ཡིན་པའི་ཚིག་སྦྱོར་མི་བདེ་ཡང
དམ་ཚིག་གིས་གྲུབ་པའི་གཅན་གཟན་བཙན་ས་ཟིན་པ་ཞིག་རེད


༢༠༢༥-༡༠-༡༥
རེས་གཟའ་ལྷག་པ།

ཟླ་བཅུ་པའི་ཟིན་ཐོ།<༡༦>



མོས་འདུན།


ཡ་མཚན་པའམ་དགོད་འཆོར་ས་ཞིག་ནི
སྤྱང་ཀི་འཚོལ་བར་སྡེ་སྣོད་གསུམ་འཆད་ཀྱི་འདུག

མོས་འདུན་གྱི་རྡོ་རིང་བརྟན་པོ་མེད་ཚེ
སྤྱང་ཀི་རྗེས་འདེད་བྱས་ཀྱང་རྙེད་ཐབས་བྲལ
ཡིད་ཆེས་ནི་མ་མཐའི་རྩིག་རྨང་ཡིན་སྟབས
སྡེ་སྣོད་གསུམ་གྱི་དཔལ་འབར་བེད་མེད་ཡིན

དུས་གསུམ་གྱི་རྣམ་གཞག་བགྲང་གིན
སྤྱང་ཀིའམ་ཁ་འཐམ་གྱི་རྗེས་སྙེག་པ་ནི
རྟགས་ཟངས་དམར་ལ་བསྐྱོན་པ་སྟེ
སྤྱང་ཀི་ཚུར་ཡོང་སའི་དབྱར་ཁ་མེད་ཅིང
ཕར་སོང་ཤུལ་གྱི་དགུན་ལམ་ཡོད་པ་མི་ཤེས

ཀི་ཧི་ཧི སྤྱང་ཀི་འདི་ནས་ཕར་སོང་འདུག་ཅེས
ཕྱིའི་ཡུལ་དང་ནང་གི་ཡུལ་ཅན་གཉིས་བརྡར་ན
འབྲོག་པ་རྒད་པོ་ངའང་ཞེ་ཁྲེལ་ནས་དགོད་པ་མ་ཟད
སྣབས་གུར་དབུབ་རྒྱུ་ལ་ཐེ་ཚོམ་ཡེ་ནས་མེད

སྤྱང་ཀི་འཚོལ་སྟངས་མ་ཤེས་ན
བཙལ་བྱ་འཐོབ་པའི་གཞས་མ་གཏམ་ཇི་ལྟར་ལེན

དཔེར་ན
བྱ་ནམ་མཁར་འཕུར་དུས་འཇིགས་སྐྲག་མེད་པ་དང
ཉ་མོ་ཆུ་ལས་འཕྱོ་དུས་ཉམ་ང་བག་ཚ་མེད་པ་ལྟར
སྤྱང་ཀི་འཚོལ་བའི་གདེང་དང་སྤོབས་པ་ལོས་དགོས

མདུན་ཕྱོགས་ནས
སྤྱང་ཀི་ལ་ཀི་བཏབ་སྟེ་ཉེ་བར་བཅར་ཚུལ་ལམ
རྒྱབ་ཕྱོགས་ནས་འཇབ་སྟེ་རྔ་མ་ཟིན་རབས་མེད

ཚོད་ཚོད་མེད་དུ
སྤྱང་ཀི་མཐོང་ཆེན་བྱེད་པ་ནི
རྒྱ་ནག་པའི་ལུགས་སྲོལ་རེད་ཅེ་ན
ངས་ནི རྒྱ་གར་བའི་ལུགས་ལྟར་དུ
སྤྱང་ཀི་འབྲི་བཞེངས་བྱེད་ཀྱིན་ཡོད

རེ་དོགས་གཉིས་ཀྱི་ཉིན་སྲིབ་ཏུ
དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི
ངལ་བ་འབྲས་མེད་ཀྱི་དཔེ་འཇོག་རང་དུ་ཟད

སྤྱང་ཀི་དང་ནམ་མཁའ་དཔེ་དང་དཔེ་ཅན་བྱས་ན
གནས་ལུགས་ཀྱི་རལ་པ་ཤར་ཤར་ཞིག་རྙེད་སྲིད་པ་འདྲ

ངན་གོམས་སུ་སོང་བའི་དབང་གིས
གཞིས་ལམ་འབྲས་གསུམ་དང་ས་བཅུ་ལམ་ལྔ་བརྩིས་ཏེ
སྤྱང་ཀི་མི་མཐོང་བས གཅིག་ཤེས་ཀུན་གྲོལ་གྱིས་བཙལ་དགོས

རྟགས་ཆོས་དོན་གསུམ་གྱི་མདའ་མདུང་ཁུར་ནས
སྤྱང་ཀི་གསད་རྒྱུ་ཡིན་ཟེར་ན བྱིས་པ་ཞིག་གིས
དབྱུག་པའི་རྟ་ཕོ་བཞོན་ནས་བརྒྱུགས་བརྒྱུགས་མཐར
རྡུལ་འཚུབ་ཁྲོད་དུ་འགྱེལ་སོང་བ་དང་མི་མཚུངས་སམ


༢༠༣༥-༡༠-༡༦
རེས་གཟའ་ཕུར་བུ།

ཟླ་བཅུ་པའི་ཟིན་ཐོ།(༡༧)

ཕ་མ་དགྲ་རུ་བལྟ།

སྤྱང་ཀི་ལ་རྒྱལ་ཁབ་དང་ཕ་ཡུལ་མེད་སྟབས
ཁུངས་འདེད་བྱས་ན་དུས་ཚོད་འཕྲོ་བརླག་ཡིན

ཚན་རིག་པ་མཁས་རྒན་ཞིག་གིས
ཕྲ་མཐོང་རྒྱང་ཤེལ་བཟུང་སྟེ་སྤྱང་རྒན་འཚོལ་བའམ
འཁོར་སྐར་བརྒྱུད་དེ་འཛམ་གླིང་མཐོང་ཐུབ་ཀྱང
གནད་ལ་མ་ཁེལ་ན་སྤྱང་ཀི་ཉེ་སར་ཡོད་པ་མི་རིག
དེ་བས མུན་ནག་ཏུ་ཉི་ཤེལ་ནག་པོ་གྱོན་ནས
བློ་གཅིག་སེམས་གཅིག་བྱས་པ་དེ་བཟང་ངེས་ཡིན

གཅིག་བྱས་ན རལ་ནག་ཐོགས་པའི
གཅོད་རྒན་རྫབ་ཆེན་མདོག་ངན་ཞིག་གིས
ཕཊ ཕཊ་ཅེས་གཟབ་ནན་གྱིས་ལྟ་དུས
སྤྱང་རྒན་ངོ་མ་བོ་ཉེ་འཁྲིས་སུ་ཉལ་ཡོད་པ་རྟོགས

སྤྱང་ཀི་ལ་བཙས་སྟོན་མེད་པ་དང
མཐའ་མཇུག་གི་དུར་ཁྲོད་མེད་པ་སྟེ
དབྱར་གོས་དགུན་ཆས་མེད་པར་བལྟས་ན
གནད་དང་གནས་ལུགས་ཀྱི་རྒྱ་མཚོ་ལྟེམ་མེར་འཁྱིལ་བའི
སྨྲ་བསམ་བརྗོད་འདས་ཀྱི་མཚན་གཞི་གྲུབ་འདུག་ཨང

སྤྱང་ཀི་དངོས་ཀྱི་བྱ་བར་འཇུག་འདོད་ན
ཕ་མ་ཡང་དགྲ་རུ་བལྟས་ནས་སེམས་ཐག་གཅད་དགོས

བཤན་པ་འཁྲིས་སུ་སླེབ་ཀྱང་བཤའ་ལུག་ལ་འཁུ་འཕྲིག་མེད་པ་ལྟར
སྐུ་ངོ་སྤྱང་ཀིའི་མདུན་སར་བཅར་བའི་ཐབས་མཆོག་ཤེས་གལ་ཆེ
བཙན་གྱིས་གཅུན་མི་ཐུབ་པ་ནི་མཐོང་ཆོས་མྱོང་གྲུབ་ཡིན

སྤྱང་ཀི་དང་རང་ཉིད་ལྟོས་མེད་དུ་གྲུབ་སོང་ན
ཁྱོད་རང་སྨྲ་བས་ཕོངས་ཏེ་ཁ་འཐམ་པར་མ་ཟད
ཚེ་མཇུག་རིང་ཞིང་རྒས་པའི་སྐྲ་དཀར་མི་འབྱུང་བ་ནི
གཞུང་ལུགས་ཀྱི་རྒྱབ་རྟེན་དང་ཉམས་མྱོང་གི་ཕྱོགས་བསྡོམས་ཏེ
ཟིན་བྲིས་པས་ཨུ་ཚུགས་མཐའ་སྐྱེལ་གྱིས་སྲབ་སྐྱོགས་གཅུས་པ་མིན
དེ་ནི ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་གི་འགྲེལ་བའམ་མན་ངག་སྟེ
ཤོག་ངོས་ཉིས་བརྒྱ་ལྔ་བཅུ་ཡས་མས་ཀྱིས་གཏམས་པའི་ངག་གོ

སྤྱང་ཀི ཁ་འཐམ
སྐྱེ་འཆིའི་རྣམ་གཞག་གི་ལྕགས་སྒྲོག་ལས་གྲོལ་བའི
བཙན་ས་ཟིན་པའི་དཀར་པོ་ཆིག་ཐུབ་ཅེས་བྱའོ


༢༠༢༥-༡༠-༡༧
རེས་གཟའ་པ་སངས།

2025-10-17 ཤེད་བུ།
དམར་ཡག་སྟག་གི་མཆོང་འགྲོས་མཐོང་། 

སེངྒེ་རྣམ་བསྒྱིངས་ཀྱི་ང་རྒྱལ་རིག་གི

2025-10-17 ཤེས་བུ།
རྨ་བྱ་དུག་འཇོམས་ཀྱི་ནུས་་མཐུ་གྲུབ།

ཕོ་རོག་ཁུ་འཕྲིག་གི་བཤད་་ཡམས་འདུག
2025-10-17 ཤེད་བུ།
མཚོན་ཆ་སྒྲོག་འགྲོས་ཀྱི་སྙན་ཚོམ་འདི
རུས་སྦལ་ནུར་འགྲོས་ཀྱིས་ཡོང་གི་འདུག
2025-10-17 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།