བཀླགས་གྲངས། 328
ལུགས་ལྡོག་གིས།
མཐའ་མེད་པའི་བརྩེ་བ།
ལོ་དེའི་དགུན་ཟླ་དང་པོ་རུ།
ང་རང་ལམ་ལ་ཆས་བཞག
ཨ་མས་ང་ལ་གདམ་ག་སྤྲད་དེ།
སྐབས་དེ་དང་མ་འོངས་པའི་ལོ་རྩིས་ཀྱིས།
ང་རང་སློབ་གྲྭ་དང་གཏན་དུ་གྱེས་པ་ཡིན།
སྐབས་དེར། བོད་ལོ་ལྟར་བརྩིས་ན་བཅུ་གཉིས་དང་།
སྤྱི་རྩིས་ལྟར་བྱས་ན་ང་རང་ལོ་བཅུ་གཅིག་ཡིན།
ཤེས་རྒྱ་མཐོང་རྒྱས་ཧ་ཅང་དབུལ་ཡང་།
ཐག་གཅོད་དེའི་དབང་གིས་ལམ་སྣ་ཟིན་སོང་།
སྐབས་དེར་ཨ་མྱེ་ངོ་ཤེས་པ་དང་འབྲེལ།
སེར་ཐོ་མ་ངེད་གཉིས་ཀྱི་བརྩེ་དུང་གི་འགོའང་ཚུགས་སོང་།
༢༡༥༢/༡༠/༦
རེས་གཟའ་ལྷག་པ། ས་སྲོད་ཁྱིའི་དུས་སུ་བྲིས།
མཐའ་མེད་པའི་བརྩེ་བ།
བརླ་མཛེས་མ།
དཔྱིད་དཔལ་གྱི་རླུང་བུས་སྒོ་ཡོལ་བཀྱགས་ཏེ།
ངེད་ཚང་གི་ཁང་པ་ནག་པོ་དཀར་གསལ་ལེར་བཏང་།
འཇིག་རྟེན་ཁྱུར་མིད་གཏོང་བའི་ཕོ་རྒོད་ཅིག་གིས་ཚུལ་དུ།
བདག་གིས་ང་རྒྱལ་ཚད་མེད་བསྐྱེད་དེ་འབྱུང་བཞི་དབང་དུ་བསྡུས།
སྐབས་དེར། ངའི་ཉེ་འཁོར་ན་ཤིན་ཏུ་སྙིང་ཉེ་བའི་ཚུལ་དུ་འཛུམ་པ་ནི།
བློ་གཅིག་སེམས་གཅིག་གིས་ཕོར་བ་དང་གྲི་ལེབ་ཐོགས་པའི།
བརླ་མཛེས་མ་ཁོ་ནའོ་ཞེས་དབུགས་འབྱིན་རྔུབ་བྱེད།
དྲང་མོ་བཤད་ན། སྐབས་དེར་ཆགས་སྲེད་ཀྱིས་མ་བཟི་ཡང་།
བརྩེ་དུང་གི་དམ་ཚིག་ལྷད་མེད་པའི་གདེང་མ་རྙེད་པ་ནི།
ན་ནིང་དང་ད་ལོའི་གསང་བ་ཕྱིར་རྟོག་ལས་ཤེས་སོང་།
མི་མེད་ལུང་སྟོང་གི་ལྷིང་འཇགས་རོལ་དུས།
ཟླ་བ་བདག་གི་མཛེས་རྒྱན་དུ་བཏགས་ཏེ།
མོ་ལ་འོ་བྱེད་པའི་ཨུ་ཚུགས་ཡང་ཡང་བྱས།
མོ་ནི་རུས་པའི་སྒྲོག་ཐག་ལ་མོས་མཁན་ཞིག་ཡིན་པའི་ཆ་ནས།
མགོ་རུས་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་རྒྱན་དུ་བཏགས།
ད་ལྟ་ཕྱིར་འདང་ཟབ་མོ་གཏོང་དུས།
ང་རང་གླེན་པ་ལུག་གི་ཐོད་རུས་ཅན་ཞིག་ཡིན་པ་རྟོགས།
༢༡༥༢/༡༠/༧
རེས་གཟའ་ཕུར་བུ། ས་སྲོད་ཁྱིའི་དུས་སུ་བྲིས།
མཐའ་མེད་པའི་བརྩེ་བ།
བརླ་མཛེས་མ།(वामोरूः)
དུས་བཅད་ལྟར་དུ་བདེ་བ་རོལ་བའི།
འཆི་མེད་རྒས་མེད་ཀྱི་ལང་ཚོ་བདོ་བ་ནི།
སེམས་ཤུགས་སྐྱེད་སྟངས་ལ་རག་ལས་པ་ཡིན།
མཆུ་སྒྲོས་སྦྱོར་རེས་ཀྱི་ཞག་མ་རེ་རེ་ལ།
བླ་ན་མེད་པའི་འཚོ་བའོ་ཞེས་ཡིད་མགུ་བར་བྱེད།
ཉི་ཟླས་བརྒྱན་པའི་གའུ་ཁ་དོག་སྣ་ཚོགས་ཀྱིས་མཛེས་པ་དེ།
མཚམས་རེར་སྙིང་གར་སྦྱར་ཏེ་མཛེས་རྒྱན་དུ་རློམ་པ་དང་།
སྐབས་སྐབས་སུ། ཤེལ་ཀ་ར་ལྟར་ཁ་ནང་དུ་ལྡུག་རེས་བྱས་ནས།
མཚན་མ་བརྒྱུད་དེ་རོ་བྲོ་མྱོང་རེས་ཀྱིས་དུས་འདའ་བ་བྱེད།
སྟོད་གོས་སྨད་གོས་གསུམ་པོ་མི་འདྲ་བའི་དབང་གིས།
དགྲ་གཉེན་གཉིས་ཀའི་མིག་ལ་སུན་པོ་བཟོས་ཡོད་ཀྱང་།
དགོངས་དག་ཞུ་སྲོལ་ནི་ཡེ་ནས་ཡོད་མ་མྱོང་བ་འདྲ།
བདག་གི་ལུས་པོ་སྔོ་མདངས་སུ་གྱུར་པ་དེ།
གཅེར་བུ་རུ་འགྱིང་སྟབས་སུ་བསྡད་ཆེས་པ་ཨེ་ཡིན།
༢༡༥༢/༡༠/༨
རེས་གཟའ་པ་སངས། ས་སྲོད་ཁྱིའི་དུས་སུ་བྲིས།
མཐའ་མེད་པའི་བརྩེ་བ།
མཛེས་ཆས།
བདག་གི་ཤ་མདངས་སྔོ་བ་ནི།
ནམ་མཁར་སྒྲོ་བཏགས་པའི་ཁ་དོག་དང་མཚུངས།
སྙིང་སྡུག་མའི་ཤ་མདངས་སེར་བ་དང་སེར་མོ་ཞེས།
གཅེས་མིང་ལྟར་འབོད་པ་ནི་དམིགས་བསལ་ཡིན།
དུས་བཞིའི་འགྱུར་ལྡོག་ལ་མི་ལྟོས་པར་གྱོན་པའི།
ཆས་གོས་གསུམ་པོ་ནི་ངེད་གཉིས་ཀྱི་ཁྱད་ཆོས་ཡིན།
ལྟར་སྣང་དུ་ཕོ་མོའི་ལུས་སྦྱོར་དང་ཁྲོ་ཉམས་ཀྱིས།
མོ་དང་ངའི་བར་ཐག་ཐ་དད་པ་ཡིན་སྲིད་ཀྱང་།
མཛའ་བརྩེའི་ལྷུ་འབྲེལ་གྱི་ཟབ་ས་རུ་གཅིག་ལས་གཉིས་སུ་མེད།
བློ་གྲོས་སམ་ཤེས་རབ་ཀྱི་ངོས་ནས་མོ་རང་མྱུར་བ་དང་།
སྒམ་ཚུགས་སམ་ཐབས་ཀྱི་ཆ་ནས་ང་རང་བརྗིད་དོ་སྙམ།
ཚེས་ཟླའི་ཐོད་ཆིངས་དང་རུས་པའི་དོ་ཤལ་ཏེ།
མགོ་སྐྱེས་རལ་པས་མཛེས་པ་ལ་ཚོད་ཅིག་མེད་དེ།
བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཀུན།
ཕྱོགས་གཅིག་ཏུ་བསྡུས་པའི་ཁེངས་དྲེགས་ཡོད་མྱོང་།
༢༡༥༢/༡༠/༩
རེས་གཟའ་སྤེན་པ། ཉི་མྱུར་སྤྲེལ་གྱི་དུས་སུ་སྦྱར།
མཐའ་མེད་པའི་བརྩེ་བ།
འབོགས་པ། ༡
འཁོར་བའི་ཆུ་བོར་འབོགས་པའི།
ང་རྒྱལ་ནི་ལྷན་སྐྱེས་ཀྱི་བདེ་བ་ཡིན།
འཇིག་རྟེན་འདས་དང་མ་འདས་ཀྱི་ཆོས་རྣམས།
ང་དང་ཆུང་མའི་མཁར་དབང་དུ་བརྩིས་ཤིང་།
མཐར་ཐུག་འཁོར་བ་ཀ་དག་གི་ངོ་བོར་བསྒྱུར་ཏེ།
ཁྱོ་ཤུག་གཉིས་ཀའང་ཁྱིམ་ཚང་གི་གཞིས་ཀ་དང་གྱེས།
སླར་ཡང་།
རང་ཉིད་དཔའ་བོ་ཁེར་ཧྲེང་དུ་འགྲེང་སྟེ།
དགྲ་གཉེན་ཡོད་དོ་ཅོག་དང་གཡུལ་འགྱེད་བྱེད།
མདའ་མདུང་གི་བར་ཆད་མདུན་ཕྱོགས་སུ་འཕེལ་དུས།
བློ་རྩེ་གཅིག་སྒྲིམ་དང་རྔ་མོང་རང་ཡན་སོགས་ཀྱི་དམག་ཇུས་ཏེ།
གོ་ཁྲབ་གསུམ་ལྡན་དང་བཞི་ལྡན་གྱི་དཔའ་བོར་འགྱུར་རྒྱུ་ནི།
དགྲ་བོ་འཇོམས་པའི་རི་ལུང་གི་ཁེར་ཆད་པ་སོགས་དང་།
རྒྱུ་ནོར་གྱི་མདུན་དུ་སྡར་མ་བག་འཁུམ་དུ་འགྱུར་བ་ཚོའི་སྲོལ་ཡིན།
ཕྱི་ནང་གསང་གསུམ་གྱི་ང་རྒྱལ་བསྐྱེད་པ་ནི།
ཐམས་ཅད་རྫོགས་པའི་ཉེར་བསྡོགས་སུ་འདོད།
༢༡༥༢/༡༠/༡༠
རེས་གཟའ་ཉི་མ། ཉི་ཕྱེད་རྟའི་དུས་སུ་བྲིས།
༡༽ འབོགས་པ་ལ་དོན་མང་ཡང་། བརྒལ་བ་ལ་གོ་དགོས།