ལུགས་ལྡོག
བཀླགས་གྲངས། 76
དང་པོར་ཨོཾ་མེད་ཅིང
མཇུག་ཏུ་སྭཱཧཱ་མ་མཆིས་ཤིང
དབྱངས་ཀྱིས་མ་བརྒྱན་པའི་འབོད་སྒྲའི་ཀློང་གི
སྲོག་ཆགས་མགོ་ཅན་གྱི་མཛེས་མ་ཁྱོད
བདག་གི་མིག་ཡིད་རྣ་བའི་དགའ་སྟོན་ཡིན།
སྔོན་ཆད
ཁྱོད་ཀྱི་ཁ་དོག་དང་སྟངས་སྟབས་སོགས་ཀློག་དུས
བདག་གི་དབུགས་དང་ལྕེ་རྩལ་ངལ་བར་གྱུར།
ད་ལོར མོན་ཡུལ་དུ་ཁྱོད་ཀྱི་བྱུང་བ་བཀླགས་ཏེ
ང་ལ་སྔར་ལས་ལྷག་པའི་སྤོབས་པ་སྟེར་སོང་།
ཨ་ཡིག་གིས་སྣེ་ཁྲིད་དེ
ཕཊ་ཀྱིས་ཐག་རྦད་དེ་བཅད་ཙ་ན
བདག་གི་མིག་ཟུང་འབྱེད་མ་ཟུམ་གྱིས
ཡོད་ཚད་འགྲིགས་སོང་བའི་རྣམ་འགྱུར་བསྟན།
ང་ཚོ་གདོད་མ་ནས་མྱི་གཅིག་རྒྱུ་གཅིག་སྟེ
ཁྱོད་དང་ངའི་རྣམ་གཞག་མེད་མོད་ཀྱང
བར་སྐབས་ཤིག་ཏུ་འཆོལ་ཞིང་ཉོག་པར་གྱུར།
ད་ནི
མི་མཐུན་པ་དང་འགལ་བའི་རིགས་ཏེ
ཁ་མཆུ་རྣམས་ཡོངས་སུ་བསྡུམས་ནས
བདག་གཞན་གྱི་ས་མཚམས་ཐ་མི་དད་པར
ཁྱིམ་ཚང་གཅིག་པའམ་བརྩེ་བའི་དབྱིངས་སུ་འཐིམ་མོ། །
༢༠༢༥-༡༢-༡༢
རེས་གཟའ་པ་སངས།
ཚིག་དུམ་རེའི་རྗེས་སུ་ཤད་རེ་འབྲི་བའི་སྲོལ་བཏོད།

