Back To Top

བདག་གི་ཉིན་བཟང་ངན་པ་དགུ་འཛོམས།

བཀླགས་གྲངས། 140

—ལུགས་ལྡོག

སྤྱིར་བཏང་ང་ལ་སྐྱེས་སྐར་ཟེར་བའི

སུན་པོ་བཟོ་བྱེད་ཀྱི་ལྟས་ངན་དེ་མེད་ཀྱང

དེ་རིང་ནི  རྣམ་རྟོག་ཅན་ཚོ་མི་དགའ་བའི
ཉིན་མོ་སྟེ་ངན་པ་དགུ་འཛོམས་ཡིན་སྐད།


ངན་པ་དགུ་འཛོམས་ཀྱི་མི་དགེ་བ་མཐའ་དག
བདག་གི་མཇིང་པ་རུ་བསྣོལ་བའི་རེ་བ་བྱེད།


ངན་པ་དགུ་འཛོམས་ག་དུས་ཁེལ་ན
དེ་ནི  བདག་གི་སྐྱེས་སྐར་གྱི་ཉིན་མོའམ
བྱ་བ་ལེགས་པོ་མགོ་རྩོམ་པའི་ཉིན་མོ་རུ
གཏན་ཁེལ་བྱ་དགོས་ས་རེད་འདོད་དེ
ད་ནངས་སྔ་མོ་ནས་བཀྲ་ཤིས་པའི་ཉིན་མོའོ་སྙམ།


དགའ་དགའ་སྤྲོ་སྤྲོ་སྟེ  ཧ་ཧ་ཧ་ཧ་ཧོ
འབྱུང་བཞི་སྣོད་བཅུད་ཀྱི་དཔལ་མཆོག་གི་ང་རྒྱལ་དང
འཇིག་རྟེན་ལས་འདས་པ་ལྔ་དང་འཇིག་རྟེན་པའི་སྡེ་གསུམ་སྟེ
དགུ་པོ་ནི  བདག་གི་སྐྱེས་སྐར་གྱི་དཔལ་དང་ཕུད་དུ་གྱུར་པའི
བདག་དང་འབྲལ་མེད་ཀྱི་སྐུ་མགྲོན་བཟང་པོ་རྣམས་ཡིན་ཞིང
གནོད་པར་བྱེད་པའི་བགེགས་དང་འཚེ་བའི་བདག་ཉིད་ཅན་ཀུན
བཀུར་བསྟི་ཕུན་སུམ་ཚོགས་པའི་ཡུལ་དུ་རྩི་བར་བྱེད་བཞིན་ཡོད།


བདག་གི་ཡིག་ཚོགས་འདིའི
ཆེས་ཐོག་མའི་ཀློག་པ་པོ་གང་དེ་ནི
སྙིང་དུ་སྡུག་པའི་གཅེས་ཕྲུག་མ་ཡིན་ན་འདོད།


ངན་པ་དགུ་འཛོམས་ལ་རྣམ་རྟོག་ཟ་བ་ཀུན་ཀྱིས
མི་དགེ་བའི་མེ་ཏོག་ཆུན་པོ་རེ་རེ་བཏེགས་ནས
བདག་གི་ལུས་ངག་ཡིད་གསུམ་དུ་འདོགས་རོགས་ཀྱེ
ཕྲན་ཆུང་གིས  ཤིས་བརྗོད་ཀྱི་རོལ་དབྱངས་དཀྲོལ་ཏེ
ཀུན་སློང་དཀར་པོའི་ཁ་གཏགས་ཀྱིས་སྣེ་ལེན་བྱའོ། །
༢༠༢༥-༡༢-༢༦
རེས་གཟའ་པ་སངས།

2025-12-26 གཏིང་དཀར་མ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།