Back To Top

ཆགས་སྡང་མཚོ། —སྙིང་གི་བུ་མོ་ལ་གཏམ་དུ་བྱ་བའི་མུ་འབྲེལ་ཟིན་ཐོ།

ལུགས་ལྡོག་གིས།

བཀླགས་གྲངས། 283

སྙིང་གི་ཐེའུ། ༡



འཛམ་གླིང་ཞི་བདེའི་ཉིན་མོ་འདིའི་ས་རུབ་རྗེས་སུ
ངས་ནང་པའི་གནས་ཆེན་ཞིག་གཡོན་སྐོར་བྱས་ནས་ཡོང
སྐབས་དེར བུ་མོ་ཁྱེད་ཀྱིས་པར་རིས་ཤིག་དང་མཉམ་དུ་སྤེལ་བའི
“ཁྱེད་རང་དྲན”ཞེས་པའི་ཚེག་བར་གསུམ་ཅན་དེ་མཐོང་སོང་།

སྙིང་གི་ཐེའུ།
ཨ་ཕས་ཁྱོད་ལ་ཀུ་རེ་དང་བཅས་དྲི་བ་ཞིག་དྲིས་པ་དེ་ནི
སྤྱིར་བཏང་ཞིག་ཡིན་ལ་སྤྱིར་བཏང་ཞིག་ཀྱང་མིན།

ཨ་ཕས་ནོར་མེད་ན
ཁྱེད་ཀྱི་གཤིས་སུ་གཉེན་ལ་ཆགས་ཤིང
དགྲ་ལ་མགོ་བོ་མི་སྒུར་བའི་ཕོ་ཚོད་དམ
ན་གཞོན་གྱི་ང་རྒྱལ་ལམ་ངར་ཤུགས་མཆིས
དེས་ན ངས་ཁྱོད་ལ་ཆགས་སྡང་མཚོ་ཞེས་པའི
མིང་ཅུང་ཙམ་བཙན་ཡོད་པ་འདི་བཀོལ་བ་ཡིན།

ང་ཁྱོད་ཀྱི་ཨ་ཕ་ཡིན་པའི་ངོས་ནས
ཁྱོད་རང་འཐད་དང་མི་འཐད་མི་བལྟ་བར
ལྷག་བསམ་རྣམ་དག་གིས་བསམ་ཚུལ་བཤད་རྒྱུ་ཡིན།

ཁྱོད་ལ་དགོས་མཁོ་མེད་པ་རྣམས་དོར
མཁོ་ཆེ་བ་དག་སེམས་ལ་འཛིན་རོགས།

༢༠༢༥-༡༢-༡༠
རེས་གཟའ་ལྷག་པ།


____དེ་རིང་ཚིག་དུམ་རེའི་རྗེས་སུ་ཤད་འབྲི་བའི་སྲོལ་བཏོད།


ཆགས་སྡང་མཚོ། མིང་འདི་བརྩམས་སྒྲུང་རེ་འབྲི་ཐུབ་ན་དེའི་ནང་གི་མི་སྣའམ། ཡང་ན། བུ་མོ་ཞིག་ལ་སྨྱུག་མིང་དུ་སྦྱིན་བསམས་ཀྱང་འདི་ནས་རང་གི་བུ་མོའི་མིང་ཚབ་བྱེད་འཇོག ཅུང་ཙམ་བཙན་དྲགས་པའི་ཚོར་སྣང་ཡོད་ཀྱང་གུ་ཡངས་གནང་རོགས།

༡༽ ནང་དོན་འཇུག་ས་མང་ཡང་མེ་ཏོག་ཁ་མ་འབུས་པར་གོ་དགོས།



ཡིད་འཛིན་མ།



ངས་ཁྱོད་ལ་བཤད་ཟིན་པའི་སྐད་ཆ་རྣམས
ཡིད་ཀྱི་མེ་ལོང་དུ་ཁྲིག་ཆགས་སུ་བཀོད་འདུག་པས
ཨ་ཕ་དགའ་ཞིང་ཡིད་སེམས་སྤྲོ་བས་བརྟས་ཡོད།

ང་མི་འཐད་ས་ཞིག་ཡོད་པ་ནི ཁྱོད་ཀྱིས
ངའི་སྐད་ཆ་རྣམས་འགྲིག་ཤག་ཤག་བྱེད་པ་དེ་ཡིན
ང་ལ་སྐྱོན་དང་ནོར་འཁྲུལ་མང་པོ་ཡོད་ངེས་ཡིན་པས
ཁྱོད་ཀྱིས་གནས་ལུགས་དང་བདེན་པ་བརྡར་དགོས།

ཀུན་མཁྱེན་ཉ་དབོན་པ་ཞེས་པ་གང་གིས
“ལེགས་ན་དགྲ་བོའི་ངག་ལའང་འཇུག་དགོས་ལ། །
སྐྱོན་དང་བཅས་ན་བཤེས་ཀྱི་ངག་ལའང་མིན། །”ཞེས
དཔེ་ཅན་གསལ་བའི་དཔེ་འདི་ལྟར་བཀོད་ཡོད།
“དུག་ཆུའི་རྒྱུན་འབབ་གསེར་རིའང་འདོར་དགོས་ལ། །
སྦྲང་རྩི་འབྱུང་ན་ཚེར་མའི་ཤིང་ཡང་བསྟེན། །”ཞེས
གནས་ལུགས་ཤར་ཤར་ཞིག་བསྙད་པ་འདིས་འཐུས་པར་བྱེད།

དུངས་ཞེན་ཆེ་ན་གནས་ལུགས་འདོར་སྲིད་པས
བདེན་དོན་ལ་དཔྱད་ཅིང་འཇུག་རྒྱུ་ནི་རྩ་བ་ཡིན།


༢༠༢༥-༡༢-༡༡
རེས་གཟའ་ཕུར་བུ།

རང་ཚུགས།

ཆགས་སྡང་མཚོ
འཇིག་རྟེན་འདིའི་སྐྱེ་བོ་ཕལ་མོ་ཆེའི་ངོ་གདོང་དུ
བསྟོད་སྨད་ཀྱི་ཁངས་སྐྱ་འབབ་ཐེངས་རེ་ལ
དགའ་ཞིང་ཁྲོ་བའི་གཉེར་རིས་མངོན་ཡོང་།

ས་སྐྱ་པཎ་ཆེན་ན་རེ
“བསྟོད་པས་དགའ་བར་མི་འགྱུར་ལ།།
སྨད་པས་མི་དགར་མི་འགྱུར་ཞིང་།།
རང་གི་ཡོན་ཏན་ལེགས་གནས་པ།།
སྐྱེ་བོ་དམ་པའི་མཚན་ཉིད་ཡིན།།”ཞེས
གདམས་ངག་རིན་གྱིས་མི་ཁུག་པ་གནངས་ཡོད།

འོ་ན འུ་ཅག་སྐྱེ་བོ་དམ་པ་ཡིན་ནམ་ཞེ་ན
སྐྱེ་བོ་དམ་པར་འགྱུར་བའི་རྨི་ལམ་ཡོད་ཆོག
སངས་རྒྱས་བྱང་སེམས་ཀྱི་རྗེས་འབྲང་བའང་ཡོད།

ཁ་སང་དེ་རིང
དོན་དངོས་དང་མི་མཚུངས་པའི
ཟོལ་བསྟོད་དང་མིང་སྐམ་རེའི་ཆེད་དུ
གཡར་ཉོ་སློང་གསུམ་མི་ནུས་པའི་དུས་ཚོད་གཏོང་མཁན་མང
རབ་ན བསྟོད་བསྔགས་རྒྱབ་ཀྱིས་ཕྱོགས་ནས
སྨད་པའི་གཏམ་གྱིས་རང་ཉིད་འཆོས་ཐུབ་པར་འབད་གལ་ཆེ།

ཁྱོད་ལ་རང་ཚུགས་ཐུབ་པའི་གཤིས་ཀ་ཡོད་ཀྱང
ལེགས་བཤད་ཀྱིས་ཟུར་རྒྱན་དང་རྟིང་གནོན་བགྱིས་ན
མེ་འབར་སྟེང་གི་ཤིང་སྐམ་གྱི་དཔེ་ལྟར་དུ་འགྱུར་ངེས།

གནས་སྐབས་སུ་ཁས་ལེན་མི་དོ་བའི་སྐད་ཆ་དེ
ནམ་ཞིག་ལག་བསྟར་བྱེད་པའི་དུས་ཤིག་འབྱུང་ངོ་། །


༢༠༢༥-༡༢-༡༢
རེས་གཟའ་པ་སངས།

ཀ་ཁ་ག་ངའི་བདག་མོ།



ཨ་ཕའི་འཕྲིན་ཡིག་གི་ཐ་སྙད་རེ་རེར
བུ་མོས་གཟབ་ནན་གྱིས་བལྟས་པ་དེས
བདག་གི་ཟུངས་ཁྲག་དོན་ཡོད་དུ་གྱུར།

སུ་ཞིག་གིས་ཅི་ཞིག་བཤད་ཀྱང་རུང
དབྱངས་གསལ་སོ་བཞི་འདི་ལ་བརྟེན་ཏེ
ཁྱོད་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་མཐོང་ཐུབ་ཅིང
ནང་སེམས་ཉིད་སངས་རྒྱས་སུ་ངོས་འཛིན་བྱེད་ཐུབ།

ལོ་ཆེན་བཻ་རོ་ཙ་ནས
“བདེན་ཅིང་འཐད་ན་ལེགས་བཤད་བྱིས་པའི་ཚིག་ཀྱང་ཉོན། །
མི་བདེན་དོན་དང་འགལ་ན་རྒྱལ་བའི་གསུང་ཡང་ཞོག །”ཅེས་པའི
བདེན་རྫུན་གནས་ལུགས་འབྱེད་པའི་ཤེས་རབ་ཀྱི་མིག་ཟུང་སྤྱད་དེ
མཐོ་དམན་དབུལ་ཕྱུག་ལ་མི་ལྟོས་པའི་བསམ་གཞིགས་གཏང་དགོས།

ཡི་གེ་ཤེས་པ་དེ
བེད་སྤྱོད་ཙམ་གྱི་ལྟ་སྟངས་མི་འཛིན་པར
མཛེས་སྡུག་དང་རིན་ཐང་གི་སར་བཞག་ན
རྩོམ་འབྲི་ལ་གཞོལ་བའི་གོམས་གཤིས་འཇགས་ངེས་ཡིན།

ཁྱོད་ཀྱི་ཨ་ཕ་ང་འཆི་བའི་ལྔ་ལམ་དུ་གྱུར་སོང་ནའང
ངའི་ཟུངས་ཁྲག་གི་དབྱངས་གསལ་ཤུལ་དུ་ལུས་ཡོད།

ཀ་ཁ་ག་ངའི་བདག་པོ་དུ་མ་ཡོད་མོད་ཀྱང
ཁྱོད་རང་ལའང་འབབ་པའི་ཐོབ་སྐལ་དང
འགན་འཁྲིའི་འདུ་ཤེས་ཡོད་པ་མ་སྙེལ་ཅིག

ཁྱོད་ཀྱིས་ཉམས་འཇོག་བྱས་ཡོད་ན
ངས་ཁྱོད་ལ་ངག་ཐོག་གི་འཕྲིན་བཞག་མ་མྱོང
བརྡ་བྱེད་ཀྱི་ཡི་གེའི་ལམ་ནས་གླེང་མོལ་བྱས་ཤིང
ཐ་ན ཧ་ཧ་ཧ་ཧ་ཞེས་པའི་བར་ཚེག་ཙམ་མི་ཆད་པ་བྱས་ཡོད༡
ང་རང་སྒྱིད་ལུག་ཡིན་པ་དང་ཁོམ་ལོང་མེད་པའི་སྐབས་སུའང
ཡིག་ཆད་ཀྱི་ལྷམ་དང་ཡིག་ནོར་གྱི་ཞྭ་མི་གྱོན་པར་བརྩོན་ཏེ
ཁྱོད་ཀྱི་སེམས་རྒྱུད་དུ་བག་ཆགས་ཟབ་མོ་འཇོག་ཨེ་ཐུབ་བལྟས།


༢༠༢༥-༡༢-༡༣
རེས་གཟའ་སྤེན་པ།



༡༽ རང་མོས་འབྲི་སྟངས་སུ་ཚེག་ཤད་མི་སྤྱོད་པ་དང་གཟུགས་མཐོང་ངམ་ཁ་པར་གཏོང་སྐབས་དམིགས་བསལ་དུ་བརྩིས་པ་ཡིན།

འཛུམ་གྱི་པདྨ་གྲོལ་བའི་སྙིང་གི་ཐེའུ་ཁྱོད།



ངའི་ཡ་ཆུང་གངས་དཀར་སེམས་དབུས་སུ
ལྷད་མེད་ཀྱི་མཛེས་སྡུག་གི་རི་མོ་ཡོད
དེ་ནི འཛུམ་གྱི་པདྨ་གྲོལ་བའི་སྙིང་གི་ཐེའུ་ཁྱོད་ཉིད་ཡིན།

བདག་གིས་གསང་གཏམ་གྱི་ལྡེའུ་མིག་ཆུན་པོ་ཞིག
བུ་མོ་ཁྱོད་ཀྱི་ལག་ཏུ་ཐད་ཀར་དང་ཐད་ཀར་མ་ཡིན་པར་བཞག་ཡོད།

ཨ་ཕ་མེད་པའི་དུས་སྐབས་ཤིག་ཏུ
ཁྱོད་རང་ཕྱིར་དྲན་གྱི་ཀློང་དུ་ཉུལ་ཏེ
ཁ་རོག་གེར་མྱོང་རོལ་བྱས་ན་སྨན་དུ་འགྱུར་སྲིད།

ཡུ་བུ་ཅག་གིས་ཁ་བརྡ་བྱེད་ཐེངས་རེ་རེར
དལ་འབྱོར་གྱི་མི་ལུས་ཐོབ་པའི་ནང་གི
སྐལ་ལྡན་གྱི་ཕ་བུ་གཉིས་འཕྲད་དོ་སྙམ་སྟེ
རང་སེམས་སྤྲོ་བས་བརྟས་ཤིང་དགའ་བས་མྱོས་པ་ནི
ཆང་དང་ཆགས་སྲེད་ཀྱིས་མྱོས་པ་ལས་རབ་ཏུ་བརྒལ།

ང་རང་འཛུམ་མདངས་ལ་མོས་པ་ཆེན་པོ་མེད་ཀྱང
སེམས་ཀྱི་བུ་མོའི་འཛུམ་མདངས་ནི་མིག་གི་བདུད་རྩི་ཡིན།

འུ་གཉིས་ཀར་གོམས་ལོབས་སུ་སོང་བའི
གཟུགས་མཐོང་ནང་གི་མོལ་མཆིད་ནི
དགུན་གཞུང་འདིའི་ཉི་འོད་དང་ཀུན་ནས་མཚུངས།


༢༠༢༥-༡༢-༡༤
རེས་གཟའ་ཉི་མ།


སྙིང་གི་ཕྱེད་ཀ


ཨ་ཕའི་སྙིང་གི་ཕྱེད་ཀ་རུ་འབོད་པའི
ཆགས་སྡང་མཚོ་ཁྱོད་ཀྱིས་སོམས་དང
འུ་ཅག་སོ་སྐྱེ་ཕལ་བ་ཡིན་པའི་དབང་གིས
གཞན་སྐྱོན་ཐམས་ཅད་མཐོང་ཞིང་སྨྲ་ལ
རང་སྐྱོན་མཐོང་བའི་མིག་ཤེས་ལྡོངས་ཡོད།

དཔེར་ན རང་ཉིད་དུང་ཆེན་གྱི་ཁ་ཕྲ་སར་བསྡད་དེ
ཆེ་ས་གཞན་ཕྱོགས་སུ་བསྐོར་ཏེ་འབུད་པ་ལྟ་བུ་རེེད
དེ་ལས་ལྡོག་སྟེ ཁ་གཡེར་བ་དེ་རང་ཉིད་ལ་བསྐོར་ནས
རང་ཉིད་ཀྱི་ནོར་འཆུག་ཡོ་བསྲང་གི་ལམ་དུ་འཇུག་དགོས།

དགག་པ་རྒྱག་འདོད་ན
ཕ་རོལ་པོ་ནག་གསུབ་གཏོང་འདོད་མིན་པར
ཀུན་སློང་དག་པའི་སྒོ་ནས་ཡོ་བསྲང་བྱ་རྒྱུ་གལ་ཆེ།

ཚུར་ལ་བྲིས་པ་དང་བཤད་པར་ལྟ་ཉན་ཤེས་པའི་སྒོ་ནས
ནོར་འཁྲུལ་ངོས་ལེན་དང་གུ་ཡངས་ཀྱི་ལན་འདེབས་བྱ་འོས།

འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ
རིན་ཐང་ལྟ་ཚུལ་བཅས་མི་འདྲ་བའི་དབང་གིས
གནས་ལུགས་སྨྲ་བ་ཀུན་ཀྱི་རྗེས་སུ་འབྲང་དགོས་དོན་མེད།

བྱ་བ་ཆེ་ཆུང་གང་དུ་ཞུགས་ན
གཞུང་ལུགས་ཀྱི་རྒྱབ་རྟེན་བཙན་པོ་དང
ཉམས་མྱོང་གི་ཕྱོགས་བསྡོམས་ལྡན་ན
གནད་དང་གནས་ལུགས་ཀྱི་མཛེས་པ་ཡོད།


༢༠༢༥-༡༢-༡༥
རེས་གཟའ་ཟླ་བ།

སེམས་ཀྱི་ཚེར་མ།



ཨ་མ་ལགས་སུ་སྐད་ཆ་བཤད་རྗེས
ཨ་ཕར་གཟུགས་མཐོང་བཏང་བ་དེས
གཙི་བཀུར་ཚད་མེད་བྱས་ཡོད་པ་ཤེས་སོང་།

དེ་དགོང་ངས་ཁྱོད་ལ་བཤད་འདོད་པ་ནི
འུ་ཚོས་བླ་མ་དང་སྟོན་པ་སངས་རྒྱས་ནས
ཤེས་ལྡན་དང་ཡ་རབས་རྣམས་ལ་མིག་དཔེ་ལྟ་གི་ཡོད
རེད་དེ སྐབས་སྐབས་སུ་ཁྲ་གླག་སྤྱང་གསུམ་ལྟ་བུ་དང
སྲོག་ཆགས་གྲོག་མ་སོགས་ཀྱི་ལེགས་ཆའང་བླང་འོས།

དམ་པ་དང་ཡོན་ཏན་ལྡན་པའི་རིགས་ནི
ཕལ་བའི་གྲས་སུ་ཡོད་པས་ཉམས་འཇོག་བྱེད་རོགས།

མི་ཆེ་ཆུང་ཡག་བཙོག་སྣ་ཚོགས་ཡོད་པ་ལྟར
ཁོ་ཚོ་རེ་རེ་ལ་བཟང་ཆ་རེ་ཡོད་ངེས་པ་ཡིན་པས
རྣམ་དཔྱོད་ཀྱི་མིག་ཟུང་ཉི་ཟླ་དང་མཚུངས་པ་བྱས་ཏེ
ཉེས་པའི་ནག་ཆ་དོར་ནས་མཛེས་པའི་དཀར་ཆ་བླང་དགོས།

ང་ཡི་སྙིང་གི་ཚེར་མ་ལགས
དྲན་སྐུལ་ལམ་གསལ་འདེབས་བྱེད་པ་འདི་ནི
ཁྱོད་ལ་བསླབ་བྱ་དང་སློབ་སྟོན་གྱི་སྐད་ཆ་མིན
སེམས་གཏམ་སྤྱིར་བཏང་བ་ཞིག་ཡིན་པའི་སར་བཞག་སྟེ
རང་ཉིད་ལ་མཁོ་བའི་ཚིག་རེ་ཡོད་ན་ཡིད་ལ་ཟུངས་ཤིག


༢༠༢༥-༡༢-༡༦
རེས་གཟའ་མིག་དམར།

བརྒྱད་གཉིས་ཐིག



བདག་སེམས་ཀྱི་བུ་མོ
ངས་ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་མ་ཞུས
དེ་ནི ཨ་ཕའི་རང་གཤིས་མཁྲེགས་པོ་དེ་བསྒྱུར་མ་ཐུབ་པ་ཡིན།

སྐབས་སྐབས་སུ ཁྱོད་ཀྱི་མིག་ལམ་དུ
ཨ་ཕས་བརྩམས་པའི་ས་རྟགས་དེ་འཆར་ཡོང་གི་འདུག་གམ།

ཁྱོད་ཀྱི་ཨ་ཕ་ང་ནི
ཁ་རུ་ཁ་ཐུག་ཅིག་ཡིན་པས
སྡེ་བ་ཚོས་ཐད་ཀར་བཤད་རྒྱུ་ཐལ་ཆེས་སོང་ཟེར
ཕྱོགས་དང་ཟུར་ངོས་གཞན་རེ་ནས་བཤད་ན
ང་ནི གསང་བ་འཆི་སར་འཁྱེར་འགྲོ་བའི
གླེན་པ་དང་ལྐུགས་པའི་གཤིས་སུ་གྲུབ་ཡོད།

མགོ་མཇུག་མི་ཚང་བའི་སྐད་ཆ་ནི
མོལ་མཆིད་ཐམས་ཅད་ཀྱི་བཅུད་དུ་བརྩི་ཆོག

ཁྱོད་ཀྱི་ངག་ལ་ཨ་ཕ་ཞེས་པའི་ཐ་སྙད་དེ
བྱང་ཆུབ་པ་མ་ཟད འབོད་ཐེངས་རེ་རེས
བདག་སེམས་སྒུལ་བ་ལ་ཚོད་ཅིག་མེད།


༢༠༢༥-༡༢-༡༧
རེས་གཟའ་ལྷག་པ།

བདག་སེམས་ཀྱི་ཟེའུ་འབྲུ།



ཁ་སང་དེ་རིང
ཉན་མཁན་ལས་འཆད་མཁན་མང་བའི
དུས་རབས་ཀྲོག་ཀྲོག་ཚ་པོར་འགྱུར་བ་ནི
མི་གཤིས་ཡ་མ་བརླ་རུ་གྱུར་སོང་བས་ལོས་ཡིན།

སྙེམས་ཆུང་དང་ཁེངས་སྐྱུང་བྱེད་པ་ནི
ཡ་རབས་ཀྱི་མཛེས་རྒྱན་བླ་ན་མེད་པར་འདོད།

བློ་སྦྱོང་ཚིགས་བརྒྱད་མ་རུ
“གང་དུ་སུ་དང་འགྲོག་པའི་ཚེ། །
བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །”ཅེས
གདས་པ་དེ བཅོས་མིན་གྱི་ཀུན་སློང་ལྡན་ན
ཆོས་པ་དང་ཁྱིམ་པ་ཀུན་ཀྱིས་བྱ་འོས་པ་ཞིག་རེད་ཨང་།

བདག་སེམས་ཀྱི་ཟེའུ་འབྲུ་དམར་སེར
དུས་བཞིའི་འགྱུར་ལྡོག་གིས་མི་བསྒྱུར་བར
ལྷད་མེད་ཀྱི་མདངས་སུ་གནས་པའི་ཡིད་ཆེས་བྱ།

ཡིད་ཆེས་ནི་ཀུན་ཀྱི་རྩ་བ་ཡིན་པ་ལྟར
འུ་ཅག་ཕ་བུ་གཉིས་ཀྱང་ཡིད་ཆེས་ལ་བརྟེན་ཡོད།


༢༠༢༥-༡༢-༡༨
རེས་གཟའ་ཕུར་བུ།

སྨྲ་བ་སྤོང་བ།



སྙིང་ནས་བརྩེ་བའི་བུ་མོ དེ་རིང་སང་ཉིན
སྨྲ་བ་སྤོང་བ་ནི་གནད་འགག་ཅིག་རེད་སྙམ།

ཆོས་ལུགས་སུ་ངག་བཅད་པའི་ལུགས་སྲོལ་ཡོད་པ་ལྟར
འཇིག་རྟེན་འཚོ་བའི་ཁྲོད་དུའང་འོས་ཤིང་འཚམས་པ་སྟེ
དྲི་བ་ཡོད་ན་མ་གཏོགས འཛིན་གྲྭའི་སྐབས་སུའང
ངག་བཅད་པའི༡་གོམས་སྲོལ་ཡོད་ན་དགེ་མཚན་ཆེ།

དཔེར་ན དཔེ་ཀློག་ཏུ་འཇུག་དུས
རྩོམ་ཐུང་ཧྲིལ་པོ་ཞིག་ཀློག་པའམ
ལེའུ་དང་རབ་བྱེད་རེ་མ་རྫོགས་བར་དུ་སྟེ
ཐ་ན་དུམ་ཚན་ནམ་རང་བྱུང་ཚན་པ་ཞིག་མ་ཚར་བར་དུ
སྨྲ་བ་སྤོང་བའི་གོམས་སྲོལ་འཇགས་པ་ཡིན་ན
བཀླག་བྱ་ཡིད་ལ་ངེས་པ་སོགས་བཟང་ཆ་མང་པོ་ཡོད།

འདི་དག་ནི
ཁྱོད་ཀྱི་ཨ་ཕ་ངའི་ཉམས་མྱོང་ངམ
གོམས་གཤིས་ལྐོག་གྱུར་ཞིག་ཡིན་ཟེར་ན་མི་ཆོག་པ་མེད།

རང་ཉིད་དང་ལྟ་ཚུལ་མི་མཐུན་པའི་རྒྱབ་ཏུ
རྒྱབ་བཤད་སྤོང་བ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན།

ཤར་ནུབ་ཀུན་ཀྱི་སློབ་གསོ་རབ་བཏགས་ཅན་དུ
འདབ་ཆགས་ཀྱི་རིགས་སུ་གཏོགས་པའི
གླག་རྒོད་དང་ནེ་ཙོས་ཅི་ཞིག་མཚོན་གྱི་ཡོད
ཨ་ཕ་ངས བུ་མོས་ཤེས་ཡོད་པའི་ཡིད་ཆེས་བྱེད།

སྨྲ་བ་སྤོང་བ་ནི
རང་རྒྱུས་གཞན་ལ་མི་འཆོར་བའི
མན་ངག་གྲུ་གསུམ་ཞིག་ཀྱང་ཡིན།


༢༠༢༥-༡༢-༡༩
རེས་གཟའ་པ་སངས།



༡༽ བགྲོ་གླེང་སོགས་འདིར་མི་འདུ



རྩོམ་འབྲི་ལ་གཞོལ་བའི་རེ་བ།



བདག་གི་གཅེས་ཕྲུག་མ
འདི་ན་ཁ་ཆེམས་ལྟ་བུའི་སྐད་ཆ་ཞིག་ཡོད།

“རྩོམ”ཞེས་པ་ནི་བརྡ་སྤྲོད་ཙམ་གྱི་ངོས་ནས་བཤད་ན
བྱ་ཚིག་ད་ལྟ་བ་སྟེ བྱ་བ་ཞིག་གི་མགོ་རྩོམ་པར་གོ་ཆོག་ཀྱང
དེ་ཙམ་མ་ཡིན་ཏེ མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ
རྩོམ་པ་ཞེས་ནང་དོན་རྐྱོང་སྐུམ་ཆེན་པོ་བྱ་རྒྱུ་ཡོད་པ་ཞིག་ཡིན།

རྩོམ་རིགས་དང་རྩོམ་རིག་སྟེ
སྒྲ་ཡངས་འཇུག་དང་དོག་འཇུག་གི་ཁྱད་པར་ཡོད
གང་ལྟར་ཡང རྩོམ་འབྲི་ལ་གཞོལ་བའི་རེ་བ་བྱེད།

བོད་ཡིག་དང་མཉམ་དུ་འཚོ་བ་བསྐྱལ་ནས
མི་ཚེ་རྫོགས་ལ་ཉེ་བའམ ཚེ་ཕྱེད་སོང་ཟིན་པའི
གྲྭ་ཇོ་མང་པོས་བསྔོ་ཡིག་ཙམ་འབྲི་མི་ཤེས་པ་དང
ཁོ་རང་ཚོའི་བླ་མ་བརྒྱུད་པའི་གསུང་གི་ཚིག་དུམ་ཙམ
འགྲེལ་བཤད་གོ་བདེ་ཞིག་རྒྱག་མི་ནུས་པའི་རྩ་བ་ནི
ཀློག་པ་ཐོས་བསམ་དང་རྩོམ་འབྲི་ལ་མ་གོམས་པས་རེད།

ཨ་ཕའི་མིག་ལམ་དུ་ཡང་ཡང་འཆར་བའི
དགོན་པའི་གྲྭ་བཙུན་དང་སློབ་གྲྭའི་སློབ་མ་ཚོ་ནི
མིང་སྙན་པོ་དང་ལག་ཁྱེར་རེ་ཡོད་པ་མ་གཏོགས
མདོ་སྔགས་རིག་གནས་གང་གི་ཐད་ནས་ཞེ་མེར་བའི་གནས་སུ་མཆིས།

ཤ་ཚ་བའི་བུ་མོ དུས་རབས་འདིར
ལག་རྡུམ་གྱི་འཚོ་བ་གཏན་ནས་མི་མཛེས།

བྱ་བ་གང་ཞིག་བྱེད་འདོད་ཚེ
བསམ་གཞིགས་སྔོན་དུ་མ་སོང་ན
ལས་ཀ་ཙག་ཙིག་སྟེ ཐ་ན་གཙང་སྦྲ་བྱེད་དུས་ཀྱང
གོ་རིམ་མེད་པའི་བསྐྱར་ལས་ཀྱིས་དུས་ཚོད་ལྷག་མ་གཏང་དགོས་བྱུང་།

ལག་ལེན་གྱི་སྔོན་དུ
ཀླད་ཁམས་སུ་གོ་རིམ་མ་བསྒྲིགས་ན
ལས་ཀ་ཆུང་ངུ་ཞིག་གིས་ཉིན་གང་རྫོགས་འགྲོ།

རྩོམ་འབྲི་ལ་འཇུག་པའི་དབང་གིས
ཀློག་པ་ཐོས་བསམ་ལ་བྱང་ཆ་ཆེ་ཞིང
བྱ་བ་གང་གི་མགོ་རྩོམ་པར་གོ་རིམ་ལྡན་པར་འགྱུར་ངེས།

བྱ་བའམ་ལས་ཀ་གང་དེ་མ་བྱས་སྔོན་དུ
བསམ་གཞིགས་ཀྱི་སྟ་གོན་དུ་ཞུགས་ན
དོན་ཆུང་རེ་འགའ་བསྐྱུར་འོས་པའམ་ཞོར་དུ་བསྒྲུབ་ཐུབ་པས
དུས་ཚོད་ཆུད་ཟོས་སུ་གཏོང་བའི་ཀླད་རུལ་གྱི་བྱེད་སྟངས་བྱ་མི་དགོས།

ཡ་གི་རི་ཁྲོད་པ་ནས་མ་གི་ཁྱིམ་པ་ཕལ་བ་སྟེ
ཞིང་འབྲོག་ཕལ་བའི་འཚོ་བ་སྐྱེལ་མཁན་ཚུན་ཆད
རྩོམ་འབྲིའི་ཤེས་བྱས་རྨོངས་པ་ལས་སྒྲོལ་ངེས་ཡིན།


༢༠༢༥-༡༢-༢༠
རེས་གཟའ་སྤེན་པ།

འབྲི་ཏ་ས་འཛིན།



བདག་གི་སྙིང་ཉེ་བའི འབྲི་ཏ་ས་འཛིན
མངར་སྐྱུར་འདྲེས་མའི་འཚོ་བའི་ཁྲོད་ན
དགའ་སྡུག་གི་ཁངས་སྐྱ་འབབ་པ་ནི་སྤྱིར་བཏང་ཞིག་ཡིན།

བུ་མོ བདག་སེམས་ཀྱི་བུ་མོ
ངས་ཁྱོད་ལ་བསམ་ཚུལ་སྣ་མང་བཤད་དེ
དུས་སྐབས་འདི་འདྲ་ཞིག་ཏུ་སླེབ་དུས
ཁྱོད་ཀྱིས་ཨ་ཕ་ང་ལ་བསམ་ཚུལ་བཤད་ན་ལོས་ཆོག

དུས་རབས་འདིར
ལོ་ན་ཆེ་ཆུང་ཙམ་དབང་བཙན་པ་མིན་ཏེ
ཀུན་སློང་གཙང་མ་དང་རྣམ་དཔྱོད་ལ་རག་ལས་ཡོད་པས
བུ་མོ་ཁྱོད་ཀྱིས་ང་ལ་ལྟ་ཚུལ་སྣ་ཚོགས་བཤད་འོས་པ་ཡིན
རེད་དེ ངས་ཁྱོད་ཀྱིས་བཤད་པ་ཐམས་ཅད་བསྒྲུབ་མི་ནུས།

བསམ་གཞིགས་ཀྱི་གདིང་དུ་འབྱམས་དུས
ལོ་འདི་ནི ཕ་བུ་འཕྲད་པའི་དབྱར་ལྗོངས་དྭངས་མོ་ཞིག་ཏུ་འདོད།

ངས་བཤད་འདོད་པ་ཞིག་ནི
ཁྱོད་རང་ཨ་ཕ་དང་འཕྲད་པའི་ཨ་གསར་དུ
ཁྱོད་རང་གི་གཉེན་ཉེ་དང་གྲོགས་མོ་ཚོ་འདོར་མི་ཉན།

ཉེ་བའི་ཆར་ཁྱོད་ཀྱི་ཨ་མ་དང
ཨ་མྱེ་དང་ཨ་ཕྱི་སྟེ སྤུན་མཆེད་ཚོ་མཐོང་དུས
ང་ལ་སེམས་ཐག་ཉེ་ཉེ་བྱེད་པའི་ཚོར་བ་བྱུང
དེའི་རྒྱུ་མཚན་ནི ཁྱོད་ཀྱིས་ང་བཟང་རབས་བཤད་དེ
ཁོ་ཚོ་དགའ་བ་དང་ང་ལ་རྣམ་འགྱུར་ལེགས་པོ་བསྟན་པ་རེད།

ཡ་ཡ། དེ་དགོང་གི་སྐད་ཆ་འདི་ཙམ་ཡིན
ད་དུང་བརྩམས་སྒྲུང་ཞིག་གི་ལེའུ་གཉིས་བཀླག་རྒྱུ་ལུས་ཡོད།


༢༠༢༥-༡༢-༢༡
རེས་གཟའ་ཉི་མ།

བདག་སེམས་ཀྱི་ཁམ་བུའི་མེ་ཏོག



ད་ལོའི་དགུན་གཞུང་གི་གྲང་ངར་ཁྲོད་དུ
བདག་སེམས་སུ་དྲོད་ཁོལ་རྒྱས་བཞིན་ཡོད།

ཁ་བའི་འདབ་མ་ལ་འཁྱུད་པའི
བདག་གི་སེམས་ཀྱི་ཁྱེའུ་ཆུང་ཆུང་གིས
“ཨ་ཕ”ཞེས་པའི་ཡིག་འབྲུ་གཉིས་གངས་ངོས་སུ་བཙས།

བཅོས་མིན་གྱི་འཛུམ་མདངས་བཀྲ་བའི
བདག་སེམས་ཀྱི་ཁམ་བུའི་མེ་ཏོག་གློ་ཁ
འདབ་མ་ལྔ་ལྡན་གྱི་སྤུ་ཆུང་ཐོགས་པ་ཁྱོད
སོས་དལ་བག་ཡངས་ཁོ་ནར་ལུས་མི་རུང
མཁས་མཆོག་ས་སྐྱ་པཎྚི་ཏས་གསུངས་པ་ལྟར
བདེ་བ་ཆུང་ཆུང་གིས་བདེ་བ་ཆེན་པོ་བརླག་ཉེན་ཆེ།

བདག་སེམས་ཀྱི་གཅེས་ཕྲུག་མ
ཁྱོད་ཀྱི་ལོ་ཚོད་ནི དོན་ཆེན་བརླག་པ་སྟེ
བར་ཆད་མང་ཞིང་བློ་གཤོག་རྒྱས་དུས་ཡིན།

དཀའ་ཚེགས་ཆུང་ངུ་ལ་གདོང་ལེན་བྱེད་མི་འདོད་དེ
མི་ཚེའི་འདུན་ལམ་འཆུག་པའི་ཉེན་ཁའང་འབྱུང་ཉེན་ཡོད།

དམངས་ཁྲོད་ངག་རྒྱུན་དུ
“ཕ་དམ་པ་ཆང་གིས་བཟི་ཡང
དོན་དམ་པ་རླུང་ལ་མི་བསྐུར”ཞེས་པ་དང
“ཁ་འུར་ཡང་ཁོག་མི་འུར”ཟེར་བ་གཉིས་ནི
ཁྱོད་ཀྱི་ཨ་ཕ་ངའི་ཡིད་ཀྱི་རྟེན་ཕུར་བཙན་པོ་སྟེ
འཁྱམས་ལྡོམ་གྱི་སྲུང་འཁོར་ནག་པོའང་བྱས་མྱོང་།

ཡས་འཆད་སྐབས་སུ་མས་བཤད་ན
སྒྱུ་རྩལ་རྩོམ་རིག་གི་བསླབ་བྱ་ནི
དོན་གནད་ཅིག་བཤད་པ་མ་ཡིན་ཏེ
གནས་ལུགས་ཤིག་བསྟན་པ་ཡིན་པས
མྱོང་རོལ་གྱི་རོ་འཛིན་རྣོན་པོ་ལྡན་དགོས།

བློ་དཀར་གྱི་ཁ་བརྡ་རེ་རེ་ནི
གསང་སྔགས་ཀྱི་རཀྟ་དང་མཚུངས་པས
རོ་བཙན་ཡང་རྔོ་ཐོགས་པའི་བདུད་རྩི་ཡིན།


༢༠༢༥-༡༢-༢༢
རེས་གཟའ་ཟླ་བ།



སེམས་ཀྱི་སྲུང་འཁོར།



བདག་གི་དྲན་པའི་བུ་ག་རུ
བ་སྤུ་ལྟར་མངོན་ཆུང་གིས་འགུལ་ཡོང་བའི་ཁྱོད་ནི
འབྲལ་མི་རུང་བའི་སྲུང་འཁོར་ཞིག་དང་མཚུངས།

ཕ་བུའི་བརྩེ་འདང་གི་གཙང་པོ་འདི
མཐར་ཐུག་གི་ཞི་བདེ་རྒྱ་མཚོར་འབབ་ངེས།

ཨ་ཕ་ཞེས་པའི་ཡིག་འབྲུ་གཉིས་པོ
ཁྱོད་ཀྱི་ཡིད་གཏིང་དུ་འཇགས་ཟིན་པའི
རྣམ་ཤེས་གསོན་པོ་ཞིག་ཏུ་གྱུར་པ་ནས
ཁྱོད་རང་ཉིད་ལ འཚོ་སྟངས་མི་འདྲ་བའམ
འདུ་ཤེས་འཛིན་སྟངས་གཞན་ཞིག་ཡོད་པ་མིན་ནམ།

ཁ་ཡག་ངོ་ཡག་གི་དུས་རབས་འདིར
དཀའ་སྡུག་གི་གཉན་འཕྲང་བརྒལ་ཏེ
མྱི་ཡང་དག་ཅིག་ཏུ་འགྱུར་འདོད་ནའང
ཚྭ་དང་བྱེ་མ་ཀ་རའི་དབྱེ་ཞིབ་བྱེད་དཀའ།

བཤད་རྒྱུ་མངས་དྲགས་སོང་ན
ཕ་གཏམ་བུ་ཡི་རྣ་བར་གཟན་པའི་དཔེ་རུ་འགྱུར་སྲིད།

ད་ནི ད་ནི
དུས་ཚོད་ཀྱིས་ཆད་པ་གཅོད་ལ་ཉེ་བས
སང་ཉིན་བུ་མོ་ཁྱོད་ལ་གཏམ་དུ་བྱ་བའི
མུ་འགོད་ཀྱི་མཇུག་རེ་ཞིག་བསྡུ་བར་བྱ།


༢༠༢༥-༡༢-༢༣
རེས་གཟའ་མིག་དམར།



གཏམ་མཇུག



སྙིང་ཉེ་བའི་ལྷའུ དེ་རིང་ནི
སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་རེད།

ངས་ཁྱོད་ལ་བཤད་པའི་སྐད་ཆ་རྣམས
གོ་རིམ་དང་མགོ་མཇུག་མེད་ནའང
ལྷག་བསམ་རྣམ་དག་གིས་བཤད་པ་ཡིན།

ཁ་གསལ་ཙམ་བྱ་དགོས་པ་ཞིག་ནི
མ་འོངས་འབྱུང་འགྱུར་དུ བུ་མོ་ཁྱོད་ཀྱིས
ང་སྙོར་སྐྱོང་བྱེད་པའི་རེ་བ་འཛིན་གི་མེད
དེ་ལྟར་བྱས་ན ངས་ཁྱོད་ལ་སྙིང་ཉེ་ཉེ་བྱེད་པ་དེའང
རང་དོན་ཁོག་བཅུག་གིས་སྙིང་གཏམ་བཤད་ཁུལ་དུ་འགྱུར།

ཆོས་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་འདོད་ན
གཞན་དང་འགྲན་བསྡུར་མ་བྱས་ན་བཟང
དེས་ཕྲག་དོག་བསྐྱེད་པ་དང་འགལ་བ་བརྩམ་ཡོང
དེ་བས རང་ཉིད་སྔ་མའི་ལོ་དང་ད་ལོའམ
ཟླ་བ་སྔོན་མ་དང་ད་ལྟ་སྟེ ཁ་སང་ལས་དེ་རིང
དེ་རིང་གསར་པ་ཅི་ཞིག་ཤེས་ཡོད་པ་བསྡུར་ན་ལེགས།

ང་ཚོ་སོ་སྐྱེ་ཕལ་བ་ཡིན་པའི་དབང་གིས
རང་སྐྱོན་རི་བོ་སྦེད་དེ་གཞན་སྐྱོན་རྡུལ་ཕྲན་ཙམ་འཚོལ་བའི
གོམས་གཤིས་ངན་པ་སྟེ མཛུབ་མོ་གཞན་ལ་ཀེར་སྲོལ་ཡོད།

ཚིག་བརྒྱ་མདོར་བསྡུས་ཏེ་བཤད་ན
ཆུ་བལ༡་ལྟ་བུའི་མྱི་གཞི་ཅན་དུ་འགྱུར་མི་རུང་།

སྙིང་ཉེ་བའི་ལྷའུ
བདག་གི་རེ་བ་ཀུན་འདུ་བ་ནི
ཁྱོད་རང་འབྲི་ཀློག་ལ་གཞོལ་ཞིང་བྱང་ཆ་ཆེ་བ་སྟེ
གོམས་གཤིས་རྣལ་མ་ཅན་ཞིག་ཏུ་འགྱུར་རྒྱུ་དེའོ། །


༢༠༢༥-༡༢-༢༤
རེས་གཟའ་ལྷག་པ།



༡༽ རང་རྐང་མི་ཚུགས་པའི་ལྡུམ་བུ་ཆུ་ཁར་གཡེང་བ་སྟེ། ཆུའི་སྤུས་ཚད་ལ་གནོད་པ་ཞིག

2025-12-27 གཏིང་དཀར་མ།
♥️
2025-12-26 ཇག་ལྷ་དཀར་པོ།
སྙན་དངགས་ཀྱི་གདམས་པ།
2025-12-26 བདེ་མོ།
ཆགའ་སྡང་མཚོ་ནི
ཆགས་པ་སྟེ། ཁ་གདངས་མིག་བཅེར་ནས་ཆགས་ཤིང་།
རྐང་པ་བརྒྱངས། ལག་པ་བཀེར་ནས་ཆགས།
དེ་ཡང་མྱི་གཞིའི་ནོར་འཁྲུལ་ཆེ་ཨོས་ནི།
རང་སྐྱོན་རང་གིས་ཁས་ལེན་མི་ཐུབ་པ་དེ་ཡིན་པ་ཆགས་སྡང་མས་ཚོར་མི་འདུག
ཨ་་་ཤུ་རེ་་་་

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།