Back To Top

གསོན་བཞིན་དུ་ཤི་བའི་སྙན་ངག་པ་ཚོ།

ལུགས་ལྡོག་གིས།

བཀླགས་གྲངས། 203

ལོ་ངོ་དུ་མའི་ཡར་སྔོན་དུ
རང་གིས་རང་ལ་སྙན་ངག་པར་འབོད་པའི
བོད་ཡིག་འབྲི་མཁན་ཁྱུ་ནས་ཁྱུ་བྱས་ཏེ
ངར་ངར་ཤོར་ཤོར་གྱིས་སྤྱི་ཚོགས་དྲྭ་ལམ་སོགས་ན
མགོ་འཕང་མཐོ་ཞིང་ཁ་ཕོ་ཆེ་བ་ལ་ཚོད་ཅིག་མེད།

སྐབས་དེར ང་འདྲའི་ཕལ་བ་ཚོས
རང་གི་ཡིག་ཉོག་ཁོ་ཚོ་ལ་སྟོན་མི་ཕོད།

བསམ་བློ་དང་རིན་ཐང་ལྟ་ཚུལ་མི་མཚུངས་ཀྱང
རིག་གནས་པའི་སྡེ་ཞིག་ཡོད་པ་ནི་དགའ་བའི་གནས་ཏེ
ཁོ་ཚོས་རྒྱུན་སྐྱོང་བྱ་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད་སྙམ།

འཚོ་བའི་སྐོམ་གདུང་གིས་མནར་བའམ
སྙན་ངག་ལ་ངོ་ལོག་པ་ཡིན་ནམ
ག་ལེར་ག་ལེར ཁོ་ཚོའི་ལག་པ་འཁུམས་སོང
ཁོ་ཚོའི་གཟུགས་བཞི་བདེ་ཐང་ཡིན་པ་རིག་གི་འདུག
ཁོ་ཚོ་འཇིག་རྟེན་དཀར་ངོགས་སུ་ཡོད་པའང་ཤེས་ཡོད
འོན་ཀྱང ཁོ་ཚོ་ནི་གསོན་བཞིན་དུ་ཤི་ཟིན་པའི
སྙན་ངག་པ་འདས་པོ་རྐྱང་རྐྱང་མིན་ན་ཅི།

གང་ལྟར་ཡང ཁེངས་སྐྱུང་མི་བྱེད་པར
རོ་ལངས་གཞལ་དུ་མེད་པ་རེ་བརྒྱབ་སྟེ
གསར་རྩོམ་གྱི་གར་སྟེགས་སུ་མངོན་པར་སྨོན།

འཇིག་རྟེན་པའི་བརྩམས་ཆོས་དར་སྲིད་ཀྱང
ཆོས་ལུགས་པས་གསར་རྩོམ་བྱས་པའི
སྒྱུ་རྩལ་རྩོམ་རིག་ནི་སྤུས་ཚད་མ་ཟད
གྲངས་འབོར་ཡང་ཤིན་ཏུ་ཉུང་བར་སྣང
མགུར་དང་རྟོགས་བརྗོད་ཀྱི་འཕེལ་འགྲིབ་ལ་གཟིགས་དང
ཉམས་པ་ནས་རྒུད་པའི་མཐའ་རུ་ཐོན་མི་འདུག་གམ།

ད་ལྟའི་དུས་འདིར
སྙན་ངག་པ་ཚོ་འདས་འཁྲུངས་མ་བྱས་ན
ཚད་རིམ་དགུ་དགུ་བརྒྱད་ཅུ་གྱ་གཅིག་གི་ཚད་རིམ་ཅན་གྱི
ས་ཡོམ་འཇིགས་སུ་རུང་བ་ཞིག་འབྱུང་ས་རེད་ཨང་།

བརྩམས་སྒྲུང་དང་ལྷུག་རྩོམ་སྟེ
སྙན་ངག་དང་ཟློས་གར་སོགས་ནུབ་ལ་ཉེ།

གསོན་གསོན་དུ་འཆི་ཚུལ་སྟོན་མཁན་གྱི
སྙན་ངག་པ་ཁྱོད་ཚོ་ཉག་ག་དེ་ནས་བུད་སོང་ན
ཡིག་འབྲི་བ་ང་ལྟ་བུས ཁྱོད་ཚོ་བཞུད་ཤུལ་དུ
རྡེའུ་འབུམ་བརྩིགས་ཀྱང་ཐོ་ཡོར་གྱི་གོའང་མི་ཆོད་པས
ངའང་གསོན་བཞིན་དུ་དུར་འཇུག་བྱ་རྒྱུར་སྒུག་ཡོད།

སྐུ་གཟུགས་བདེ་ཐང་ཡིན་ཡང་རྣམ་ཤེས་ཤི་ཟིན་པ་ཚོས
འཚོ་བའི་ཉིང་བཅུད་དང་སྦྱར་བའི་འཆར་ཡན་གྱི
སྙན་ངག་དང་བརྩམས་སྒྲུང་སོགས་ཀྱི་དངོས་གྲུབ་སྩོལ་ཅིག་ཀྱེ།

ཆེས་ཕལ་བ་སྟེ ཐ་ཤལ་གྱི་མཐའ་རུ་ལྷུང་བའི
ཕྲན་ཆུང་ལྟ་བུས་འབོད་སྐུལ་ལམ་སྡུག་སྐད་རྒྱག་ཚོད་དུ་སླེབ་ཐལ།

༢༠༢༥-༡༢-༢༤
རེས་གཟའ་ལྷག་པ།

2025-12-30 ལོ་འདི་དག་ལ
2025-12-29 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།