—ལུགས་ལྡོག
བཀླགས་གྲངས། 67
སའི་གོ་ལ་ང་ནི་མཚན་གཉིས་མ་ནིང་ཞིག་ཡིན་པ་དོ་སྣང་བྱེད་མཁན་ཚོས་ཤེས་ཡོད་སྟབས
གསང་བ་ཀུན་མཐོང་གི་རི་མོ་དེ་གསང་ཁུལ་བྱས་ཀྱང་གླེན་རྟགས་ཡིན
ཡིན་ཤག་ཤག་གིས་གོམ་ཁར་ལྟ་བ་ལས་ཕྱིར་མིག་ཙམ་འཕེན་མི་ཕོད་པའི
མིག་ཡས་མའམ་ལོང་བ་ཚོས་ཅི་ཡང་མི་ཚོར་བ་ནི
ཁོ་ཚོའི་ཚོར་བའི་སྒོ་དང་སྒེའུ་ཁུང་ཡོངས་སུ་གཏན་ཡོད་པས་རེད།
སྲིད་པ་ཆགས་པའི་དང་ཐོག་ཏུ་ང་དང་ཉི་ཟླ་གསུམ་པོ་རྩེ་རོགས་ཡིན
ཉི་མ་ནི་བུ་མོ་མཛེས་མ་ཞིག་དང་ཟླ་བ་ནི་གསར་བུ་དཔེ་མེད་པ་ཞིག་སྟེ
ངེད་ཅག་ལ་འཇིག་རྟེན་འདིར་ཉིན་མཚན་གྱི་དབྱེ་བ་གཏན་ནས་མེད།
སྤྱང་གྲུང་ངམ་མགོ་བདེ་ཟེར་ན་འདྲ
ཉིན་ཞིག་ངས་བསམ་ཚུལ་འདི་ལྟར་བཏོན
ཉི་མ་ལ་ཁྱོད་ཀྱི་རང་མདངས་དངོས་དེ་ཟླ་བས་མི་ཤེས་པ་དང
ཁྱོད་རང་ཟླ་བ་ལ་དགའ་གི་ཡོད་པའི་གོ་བ་བླངས་འདུག་པས
དོན་དངོས་དེ་ཤེས་འཇུག་རྒྱུ་གལ་ཆེན་ཡིན་ཚུལ་བཤད།
ངས་ཟླ་བ་ལ་སྙིང་ཉེ་ཉེ་དང
ཡོད་ཚད་བློས་གཏོང་གི་ཟོལ་གྱིས
ཉི་མ་ང་རྒྱལ་ཆེ་ཚུལ་དང་ལྐོག་ལབ་བྱས་པ
རང་གི་འཇོན་ནུས་ལ་ཡིད་རྟོན་དགོས་པ་སོགས་བཤད།
འཇོན་ཐང་དང་མགོ་བདེ་ནི་དྲང་བདེན་ལས་ལྡོག་ཡོད་ཀྱང
བཟའ་མ་ཉོག་གྲོད་པུའི་སྤུ༡་ལྟར་གྱི་ང་ལ་མཚོན་ན
སྲོག་ཆགས་འདི་ཚོ་གསོ་སྐྱོང་དང་དྲོ་གྲང་ཇི་ལྟར་སྙོམས།
ཉི་ཟླ་གཉིས་པོ་བློ་དཀར་གཞུངས་དྲང་ཡིན་སྟབས
བདག་གིས་ཅི་བཤད་ལ་བདེན་པའི་མགོ་བོ་ལྡེམ་ལྡེམ་བྱས།
གལ་ཏེ
ཁོ་གཉིས་དོགས་འདྲོགས་ཅུང་ཙམ་རེ་བྱས་ན
འཇིག་རྟེན་ཁམས་ཡངས་པོ་འདིར་འུ་ཅག་མི་ཤོང་བ་མིན་པས
གུ་ཡངས་དང་སྒམ་དཀྱེལ་གྱི་བསམ་བློ་དགོས་པའི་ལྕེ་རྩལ་བཏོན།
ངས་ཉི་ཟླ་གཉིས་པོའི་བར་དུ་ཕྲ་མ་ཡང་ཡང་བྱས་ནས
མི་མཐུན་པའམ་འགལ་ཟླ་བསྡུམ་ཐབས་མེད་པ་འབྱུང་མཚམས་སུ
ང་རང་གཟུ་དཔང་གཡས་རིང་གཡོན་ཐུང་མེད་པའི་ཟོལ་གྱིས
ཁོ་གཉིས་རེས་ཀྱིས་འཁོར་བསྐྱོད་བྱ་དགོས་པའི་རྣམ་གཞག་གིས
ཉིན་མཚན་གྱི་དབྱེ་བའི་དུས་མཚམས་ཡོངས་སུ་འབྱེད་ཐུབ་པར་གྱུར།
ལང་ཚོ་དར་ཞིང་འདོད་སྲེད་རྒྱས་སྐབས་སུ
ཉི་ཟླ་གཉིས་པོ་དང་འཁྲིག་སྤྱོད་ཀྱིས་ཉིན་མཚན་བསྐྱལ
གོ་སྐབས་དེ་ལ་དབྱིངས་ཞུགས་པའི་དབང་གིས
ད་ལྟར གྲང་ནད་དང་གཞང་འབྲུམ་གྱིས
ང་ལ་འགྲོ་འདུག་གི་རང་དབང་ཡང་མི་སྦྱིན་དུས་ཡིན།
ཉེ་བའི་དུས་རབས་ནས
བཟང་ལན་ངན་གྱིས་བཅལ་ཏེ
སའི་གོ་ལ་ངས་སྡུག་སྦྱོང་ཚད་མེད་མྱོང་བ་ནི
“མྱི་འཆི་རྒྱུ་གསོས་ན་སྲོག་གཅོད”ཅེས་པའི་དཔེ་ལྟར་དུ
མཐོ་རིམ་སྲོག་ཆགས་སུ་སྐད་པའི་མིའི་རིགས་ཀྱིས
ཚན་རྩལ་སྤྱད་དེ་བདག་ལ་མནར་གཅོད་ཚད་མེད་གཏོང་བཞིན་ཡོད།
གཅིག་བྱས་ན
ངས་ཉི་ཟླའི་བར་དུ་ཕྲ་མ་བྱས་པའི
རྣམ་སྨིན་གྱི་འབྲས་བུ་འཁོར་བ་ཡིན་སྲིད།
གང་ལྟར་ཡང སྲོག་ཆགས་འདི་ཚོ་བདེ་ཞིང་སྐྱིད་ན
ང་ནི་ཤ་ཟད་རུས་ལ་ཐུག་རྒྱུ་ཡིན་པ་སྔར་ནས་ཤེས་ཡོད།
ཡིད་སྐྱོ་བའམ་སྙིང་རྗེ་བ་ཞིག་ནི
མིའི་རིགས་ཀྱིས་རང་གི་གཞིས་ཀ་གཏོར་བཤིག་བྱས་ཏེ
མ་འོངས་འབྱུང་འགྱུར་གྱི་འཚོ་གནས་ལ་ལྟ་མི་ཤེས་པ་དེ་ཡིན།
དོ་ཞག ཉི་མས་བདག་གི་ངན་གཡོ་ཤེས་ཏེ
གངས་དཀར་གྱི་ལ་ཐོད་བསྲེགས་ཤིང་བཞུ་བ་དང
དུས་བཞིའི་འགྱུར་ལྡོག་ལ་ཐན་པ་གཏོང་གི་འདུག
ཟླ་བ་ནི་ཉི་མའི་གཟི་འོད་ལ་བརྟེན་ཡོད་སྟབས
ཁོ་རང་གིས་བདག་ཏུ་འཛིན་པའི་རི་བོང་དེ་ཉར་ཐུབ་ན
ང་ལ་རྒྱབ་སྐྱོར་བྱེད་པའི་འཇོན་ནུས་གདོད་ནས་མ་མཆིས།
ག་ལེར་ག་ལེར ཟླ་བའང་མིའི་རིགས་ཀྱིས
སྙིགས་ཟོམ་དང་གསང་སྤྱོད་ཀྱི་སྣོད་དུ་འགྱུར་ངེས།
རྨས་མའམ་གཙབ་རལ་དུ་འགྱུར་གྱིན་པའི
སའི་གོ་ལ་བདག་གི་ཁོག་པ་གཤགས་ནའང
ཉི་ཟླ་གཉིས་ཁ་བྲལ་དུ་གཏོང་བ་མ་གཏོགས
སེམས་ཅན་བྱུང་ངོ་ཅོག་ལ་ཀུན་སློང་རྣམ་དག་ཡིན་པས
འོ་མ་དཀར་པོ་ལས་ཁྲག་རྣག་འབྱུང་མི་སྲིད་སྙམ།
ལག་ལེན་གྱིས་སྟོང་པའི་ཁ་མཁས་ཚོས་བཤད་པ་ལྟར
ངའང་མི་རྟག་པའི་དངོས་པོ་ཞིག་ཡིན་ཙ་ན
མི་འགྱང་བར སྣོད་ལ་ཆག་འཇིག་གཉིས་དང
བཅུད་ལ་སྐྱེ་འཆིའི་རྣམ་གཞག་དེ་འབྱུང་རྒྱུ་ནི་སྨོས་ཅི་དགོས
རེད་དེ བྱམས་བརྩེ་དང་གཞན་ཕན་གྱི་གཡུང་དྲུང་གི་རི་མོ་ནི
བསྐལ་པའི་མཐའ་རུ་རྟག་བརྟན་དུ་གནས་པའི་སྤོབས་པ་ཡོད་དོ། །
༢༠༢༥-༡༢-༣༠
རེས་གཟའ་མིག་དམར།
༡༽ ནང་མི་ཧ་ཅང་མང་ཞིང་ཉོག་པ་མཚོན་པའི་དཔེ་ཞིག