Back To Top

འགག་མདོ།

—ལུགས་ལྡོག

བཀླགས་གྲངས། 98

འདི་ནས  ང་རང་ཡོང་མྱོང་བའི

གདོད་མའི་གྲུ་ཟུར་དེ་མཐོང་སྟབས

བག་ཆགས་ཀྱི་ཆུ་མིག་དྭངས་མོ་བྲུག་སྟེ

ཕྱིར་ལ་ལོག་པའི་རྨི་ལམ་ཡང་ཡང་རྨིས།

 

དུས་རབས་ཀྱི་ཆས་གོས་ཁྲ་ཁྲ་ནི

བདག་གི་མིག་ཟུང་ལ་འཕྲོད་ཐབས་མ་མཆིས།

 

ང་རང་ཕྱིར་ལ་ལོག་པ་ཡིན་ན

འུ་ཅག་གིས་དབྱངས་གསལ་ལ་འཇུས་ཏེ

དགག་རྒྱག་གིས་འཇིག་རྟེན་གསར་པ་བསྐྲུན

གལ་ཏེ  མདུན་ཕྱོགས་ཀྱི་བྲག་རི་བརྒལ་ཐུབ་སོང་ན

ཞི་བའི་བརྟུལ་ཞུགས་ཀྱི་གླུ་དབྱངས་སྙན་མོ་རེ་ལེན་ཆོག

 

ངས་བསམས་ན  བཀག་ཉར་ཁང་གི་ཐེམ་སྐས་སུ

ང་རང་རྒས་ཤིིང་འཁོགས་ཏེ་ཚེ་ལས་འདའོ་སྙམ།

 

རེ་དོགས་ཀྱི་ན་བུན་ཐོལ་ཐོལ་དུ་འཕྱུར་བ་ནི

འཆི་མིན་གསོན་མིན་ཏེ  དཀར་མིན་ནག་མིན་གྱི་རྒྱུ་ཡིན་པས

རེ་བ་ཆེན་པོ་དང་དོགས་པ་མི་བྱེད་དེ་ལམ་ལ་ཆས་འགྲོ།

 

སྤྱི་དོན་དང་གཞན་ཕན་གྱི་ཡི་གེ་བྲིས་མེད་ཀྱང

རང་ཉིད་ཀྱི་ཚོར་སྣང་མཚོན་པའི་ཡིག་ཚོགས་ནི

དྲྭ་ལམ་དུ་བྱ་སྤུ་ལྟར་གཏོར་ཡོད་པར་བརྟེན

ཕྱོགས་མཚམས་ཀུན་ཏུ་འཕྲུལ་གཟུགས་སུ་རྒྱུ་བ་ན

ཤོག་ཐོག་ཏུ་འགོད་པའི་མོས་མཐུན་དང་ཐམ་ཀ་མེད།

 

ཕར་བལྟས་ཀྱི་དུར་ཁྲོད་དང

ཚུར་བལྟས་ཀྱི་གོམ་སྟབས་འདི

བདག་གི་རང་རྣམ་སྟེ་གསང་རྣམ་ཡ་མ་ཟུང་ཡིན།

 

འུ་ཅག་གི་མྱི་ཚོས

དོགས་སློང་སྣ་ཚོགས་བྱས་ཏེ

སོ་བ་དང་ཉུལ་མའི་མིང་ཡང་འདོགས་སྲིད

རེད་དེ  དོན་དངོས་ནི་དུས་ཚོད་ཀྱིས་བཤད་ཡོང་ངེས།

 

ས་མཚམས་རེ་མ་བརྒལ་ན

འགག་མདོའི་ཉིན་སྲིབ་ཤེས་ཐབས་བྲལ།

 

སྔོན་ཆད་ཅིག་ཏུ

མི་སྒེར་གྱི་ལོ་རྒྱུས་ཤིག་བྲིས་ན

ཁ་བྱང་ལ  “མི་ཚེའི་འཁྲབ་སྟོན”ནམ

“གསང་བའི་འགྲུལ་བཞུད”འདོགས་སྲིད་པར་བཤད་ཀྱང

ད་ནི  བརྩམས་སྒྲུང་གི་ཁ་བྱང་རེ་བྱས་ན་མ་གཏོགས

རྩ་མི་ཚང་བའི་ལས་སུ་འཇུག་པའི་ཡི་ག་མ་མཆིས།

 

བྱ་རྒོད་པོ་ཞིག་ཡིན་སྣང་གིས

འཚོ་སྟངས་གཞན་ཞིག་བྱའོ། །

 

 

 

———འཕྲོས་དོན་གཞན་ཞིག་ནི།

 

ལ་ལ་ན་རེ

ཁྱོད་ཀྱིས་རྩོམ་བྲིས་པ་དེ

བེད་སྤྱོད་མི་འདུག་ཅེས་གཤེ་ཡོང་ན

ངས་སྦྱངས་ཁུལ་བྱས་པའི་མཇུག་འབྲས་ནི

ཤེས་རིག་དང་མཛེས་སྤྱོད་ཀྱི་སར་འཇོག་པ་ལས

བེད་སྤྱོད་དང་བྱ་དགའ་སོགས་སུ་མི་འདུ་བ་ཤེས་དགོས།

 

ཡང་ལ་ལ་ན་རེ

འཚོ་བ་འདིར་ཕན་ཐོགས་མེད་པའི

སློབ་སྦྱོང་དང་དཔེ་ཀློག་སྟེ

བསམ་གཞིགས་ཀྱིས་ཅི་བྱེད་ཟེར་ན

དེ་ལ་ལན་གཉིས་ཏེ  ལན་དང་པོ་ནི

ང་རང་གིས་མི་ཤེས་པ་དེ་ཤེས་པའི་ཆེད་དུ་སྟེ

གནས་སྐབས་སུ་རང་ངོ་ཤེས་ཐུབས་སུ་འཇུག་པ་དང

གཞན་ནམ་ལན་གཉིས་པ་ནི

མི་ཚེ་རིང་ལ་ཐུང་བ་འདི

ཁ་བ་བབས་ཏེ་གོང་བུར་བཟོས་པ་དེ

ཉི་མའི་དྲོད་ཀྱིས་བཞུས་ནས་སར་འཐིམ་པ་ལྟར

ང་རང་ཡང་ཤེས་རབ་ཀྱི་གོང་བུ་ཞིག་ཏུ་གྱུར་ནས

ཚེ་འཕོས་སོང་ན  རེ་བའི་འདུན་མ་གྲུབ་སོང་ངོ་འདོད།

 

མདོར་ན

རང་ཉིད་མ་རྙེད་བར་དུ

ཡོན་ཏན་གྱི་བཅུད་དུ་འགྱུར་མི་ནུས་པའི་ཁས་ལེན་བྱའོ།། །།

 ༢༠༢༥-༡༢-༣༡

རེས་གཟའ་ལྷག་པ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།