Back To Top

དཔའ་རྒོད་ལ་ཅེར་བའི་མིག

- དཔའ་བོ་རང་བཙན་བློ་དགའི་བྲང་གཞུང་ན་སྐྱོམ་པའི་སྙིང་དེའི་དོད་དུ་ཕུལ། 

བེའུ་རྫི་རྡ་རྡ།

བཀླགས་གྲངས། 98

རི་བོ་འགུལ་ཞིང་བྲག་རྡོ་གཏོར་བའི་དཔའ་སྙིང་གསོན་པོའི་གད་རྒྱངས་ལ།།
གཟི་ཉམས་དོད་པའི་བོད་ལྭ་གྱོན་ཞིང་གོམ་པའི་འདེགས་འཇོག་མདུན་ལ་སྤོ།།
རྒྱལ་དར་འདེགས་པར་རླུང་གི་རམས་འདེགས་ནམ་མཁའི་མཐོངས་སུ་ལྷབ་ལྷུབ་བསྐྱོད།།
མགོ་བོ་དགྱེ་སྟེ་དྲང་བདེན་མེ་ཕུང་ཀུན་གསལ་མིག་གི་མདུན་དུ་བསྟན།།

འབྱོར་ལྡན་རྒྱལ་ཁབ་ཨ་རིའི་གྲོང་ན་རང་དབང་ཆེ་བའི་རྣམ་འགྱུར་ཡོད།།
ཡུལ་འོངས་ལྟ་ན་སྡུག་པའི་ཁེངས་བརྩེགས་ཧ་ཅང་མཐོན་པོ་ཞེ་དྲག་མང་།།
རླངས་འཁོར་དང་ནི་མི་ཚོགས་འཚང་ཁས་ཡོད་ཚད་ཁོམ་མེད་ཡིན་པའི་ཁྲོད།།
གློ་བུར་འབར་བའི་མི་བུ་དེ་ནི་བོད་ཀྱི་སྙིང་སྟོབས་དགུ་འགྱུར་ཅིག།

གངས་རི་མཐོང་ཞིང་རྩྭ་ཐང་དྲན་ཞོར་ཁྱོད་རང་འདི་ལྟར་འབར་བར་གྱུར།།
ཕ་མ་དྲན་ཞིང་རྩམ་པ་དྲན་ཞོར་ཁྱོད་རང་འདི་ལྟར་མེ་རུ་གྱུར།།
ཞིང་བ་ཕྱུག་རྫིའི་རྩེད་དགོད་དྲན་ཞོར་ཁྱོད་རང་འདི་ལྟར་མེ་ལ་ཞུགས།།
བོད་པ་ཡིན་པའི་འབོད་སྒྲས་སྐྱོམ་པའི་མེ་འདི་བོད་ཀྱི་མེ་ལྕེ་ཡིན།།

རང་ལ་ཡོད་པའི་སྐད་ཀྱི་གདེངས་སུ་བོད་ཀྱི་དཔའ་སྙིང་བྲག་ཅར་འཁོར།།
ལུས་ལ་ཡོད་པའི་བོད་པའི་གོས་ཀྱིས་གཟུགས་པོའི་སྟོབས་ལ་མངའ་ཐང་རྒྱས།།
སེམས་ལ་ཡོད་པའི་ནང་པའི་ཆོས་ཀྱིས་འཇིགས་ཞིམ་མེད་པའི་རྩལ་ཞིག་རྒྱས།།
གདོང་དམར་བོད་ཀྱི་རང་བཙན་དར་ཆ་ཇོ་མོ་གླང་མའི་རྩེ་རུ་བསྒྲེངས།།

མཉམ་འབྲེལ་རྒྱལ་ཚོགས་མདུན་ན་འབར་བའི་མི་འདི་བོད་ཀྱི་རྡོ་རིང་ཞིག།
སྤོབས་པའི་བཞག་པའི་ཁ་ཆེམས་དེ་ཡང་དྲྭ་ལམ་ཁྱབ་པའི་ལམ་སྟོན་ཞིག །
ཤུལ་དུ་ལྷག་པའི་པར་དང་བརྙན་རིས་བོད་མི་ཡོངས་ཀྱི་སེམས་རྟེན་ཅིག
སྐད་དང་རུས་རྒྱུད་སྨག་ལ་ཞ་བ་འོད་དུ་སྤྲུགས་ཕྱིར་འདི་དག་སྦར།།

མེ་འདི་འབར་དོན་གླེང་ན་རབ་དཀར་གངས་ཀྱི་རི་བོ་ཞི་ལ་ཉེ།།
མེ་འདི་འབར་དོན་བཤད་ན་ཕོ་བྲང་པོ་ཏ་ལའང་འགྱེལ་ལ་ཉེ།།
མེ་འདི་འབར་དོན་བཙལ་ན་་རང་ས་ཕ་མ་འདྲ་བོ་འཕྲོག་ལ་ཉེ།།
མེ་འདི་འབར་དོན་་དེད་ན་རང་སྐད་བྲོ་ཁ་འདྲ་བོ་ཚར་ལ་ཉེ།།
མེ་འདིའི་བསྟན་དོན་ངོ་མ་གངས་ལྗོངས་ལུགས་གཉིས་དར་ཞིང་རྒྱས་ཕྱིར་རོ།།

ཕྱི་ལོ་ ༢༠༢༦ ཟླ་ ༠༧ ཚེས་ ༡༦ ཉིན།

2026-07-21 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།