Back To Top

ས་གཞིའི་གོས་ཆེན་རལ་བ།

རས་པས།

བཀླགས་གྲངས། 968

 

མཛེས་པའི་སྤང་ལྗོངས་ལྕགས་ཀྱི་སྡེར་མོས་བསད་དེ།
ས་གཞིའི་གཡུ་མདོག་གི་མཛེས་པ་སྐྱ་བོར་བསྒྱུར།
གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་དགེ་འདུན་པའི་དབུ་སྐྲ་བཞིན་ཏུ་གཏུབ།
དབུགས་ལེན་དཀའ་བའི་དུས་ཚོད་འདིར།
བྱེ་རླུང་ཞེས་པའི་སྡུག་བསྔལ་ཞིག་ཀྱང་སླེབས།
ས་གཞི་ཡོད་ཚད་སྐྱ་ཐིང་ཐིང་།
རྟ་མཆོག་གི་འཚེར་སྐད་སྡུག་བསྔལ་གྱིས་མནན་ཡོད།


དྭངས་གཙང་ཆུ་བོའི་བཞུར་རྒྱུན་ཕྲ་ཞིང་།
ཞོལ་གཡག་ཁྲོས་པའི་ངར་སྐད་ཀྱིས་སྟོང་བའི་ས་ཆེན།
ང་ཚོར་རྒྱས་མེད་དུ་འགྱུར་བཞིན་འདུག
ལུ་གུའི་རྩེ་འཇོ་སྐར་ཚོགས་ལྟར་བཀྲ་བའི་དུས་སྐབས་དེ།
གནའ་གཏམ་བཞིན་དུ་གྱུར།
རེངས་ཤིང་ཀོག་པའི་མྱ་ངན་གྱི་སྡོང་སྐམ།
ཡངས་པའི་ས་གཞིར་བསྟར་ལ་རྒྱུས་པས།
ཤ་སྐྱུས་བཏུམ་པར་དཀའ་བའི་སེམས་ཀྱི་ན་ཟུག
སྐད་གསེང་མཐོན་པོས་སྒྲོག་དགོས།


ཡར་ལྷ་ཤམ་པོའི་གངས་ཆུའི་བཞུར་རྒྱུན་ལ་སྒུག་པའི་གཅེས་ཕྲུག
ཁ་སྐོམ་གྱི་གདུང་བས་མནར་བའི་བྱེ་ཐང་གི་སེང་གེ་ཞིག་ལྟར།
ཤི་སྒུག་གི་དུས་ཚོད་ནི་ཅི་འདྲའི་བཟོད་ཐབས་དཀའ་བའི་འཆར་ཡན་ཞིག་རེད་ཨང་།
རི་ཚོགས་གནས་ཡང་། གངས་རི་དང་ལྗོན་ཤིང་གིས་སྟོང་ཞིང་།
ས་གཞི་ཡོད་ཀྱང་སྤང་ལྗོངས་དང་ཆུ་བོ་ཡལ།
སྐོམ་པའི་གདུང་བའི་མདོ་རིག་རྟ་ཕོ།
དཔའ་བོའི་མདུང་དང་དབུ་རྨོག
བྱེ་ཟེགས་ཆེན་པོར་འཐིམས་པའི་མྱ་ངན་གྱི་སྒྲ་དབྱངས་མགོ་བརྩམས་བྱུང་།

༢༠༢༤།༡།༢༤ཉིན་བྲིས།

2024-02-21 ཤེད་བུ།
ཧྥ་ཇག་ནང་ཕེབས་པར་དགའ་བསུ་ཞུ།  
2024-02-21 ཆབ་བྲག་ཕོ་ཉ།
སྙན་དངགས་པ་དགའ་བས་བསུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།