Back To Top

ཁང་ཆེན་དང་དེའི་བདག་པོ།

རས་པ།

བཀླགས་གྲངས། 1059

སྐྱོ་གདུང་དང་ངུད་མོ་རུ་བབས་པའི་མི་ལོ་དུ་མའི་སྡོད་ཁང་དང་འབྲེལ་བའི་གཏམ་རྒྱུད།
བདག་པོ་དང་བྲན་གཡོག་གི་འདུ་ཤེས་བསྲུངས་པའི་རྒྱུད་སྦགས་མི་རྒྱུད་ཅིག་གི་སེམས་ཁམས་དང་བདག་གི་མནར་གཅོད།  ཉམ་ཆུང་གི་བདག་དང་ཁེར་སྡུག་གི་འཚོ་བ།

 ——སྔོན་དུ་གླེང་བ།

ལྗང་མདོག་གི་ཁང་ཆེན་དེ།
ཁྱོད་ཀྱི་ཕྱག་རྒྱུན་ལས་འཕོས་པའི་འདྲ་གཟུགས་བཞིན།
བདག་ཕྱི་རུ་ཕུད་པ་རྔམ་ཞིང་བརྗིད་པའི་བདེན་ལུགས་ཤིག

སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་ཤིང་གིས་དུས་ཚོད་ཀྱི་ཡུན་ཞིག་བརྗོད།
བདག་དང་ཁང་ཆེན་འདིའི་བརྩེ་ཡུན་གྱི་ལོ་ཟླ་བརྗོད།
མྱ་ངན་དང་བསྲེས་པའི་སེམས་གཞས་སུ་བླངས་པ།
དྲ་ཡོལ་རྒྱབ་ཅིང་མུན་ནག་ཏུ་བྱས་པའི་ཁང་ཆེན་དུ།
ཁེར་རྐྱང་གིས་ལྡིང་བའི་སེམས་སྒྲ་དེ་ཨང་།

ཡུན་རིང་འཛར་བའི་ཁེར་སྡུག་གི་མིག་ཆུ།
དཔྲལ་ངོས་ལས་བརྗོད་པའི་གཏམ་རྒྱུད་ཅིག
བདག་གི་ཞེད་སྣང་གིས་བྱས་པའི་བརྡབ་གསིག
སྐྱོ་གདུང་དུ་གྲགས་པའི་སྨྱུག་འགྲོས་ཀྱི་རོལ་དབྱངས།
སུ་ཞིག་གིས་བདག་གི་སེམས་གཅོང་ལས་དབྱངས་ཀྱི་མཛེས་པ་ཟིན་ཚེ།
མཚོ་ཆུང་ཞིག་གི་རྗེས་ཤུལ་མཁོ་བ་ཡིན་ཨང་།

བྲེལ་བྲེལ་འཚུབ་འཚུབ་ཀྱི་སྡོང་ལོའི་འགུལ་སྐྱོདྲ
གཟུགས་རིས་རྒྱུ་བའི་མྱི་ཆེན་གྱི་ངོ་གདོང་ལས་མངོན་དུས།
བདག་ལ་འཕོས་པའི་སེམས་གཅོང་གི་བཞུར་སྒྲ།
ཞི་འཇགས་མེད་པའི་ཁེར་རྐྱང་གི་ངུད་མོ་རུ་བབས།

མཐའ་ཡས་པ་དང་རི་ལུང་གི་མངའ་ཐང་བསམ་ཞོར།
ཁ་གཏད་ཀྱི་སྡོང་བོ་དེ་སྒེའུ་ཁུང་གི་ཡོལ་བར་གྱུར།
རྒྱང་རིང་བའི་བདག་གི་གཉེན་མི་ཨ།
བདག་གི་ལོ་ཟླ་ཡིས་ཁྱེད་ཀྱི་གཏམ་རྒྱུད་བརྗོད་ཅིང་།
དགུན་ཟླའི་མཚན་མོ་ལྟ་བུའི་ཞེ་ཕུགས་ཀྱི་ནམ་མཁའ།
ཁྱེད་དང་བདག་གི་རི་ལུང་ལ་དགོས་པའི་མཛེས་པ་སྲུང་ཕྱིར།
ས་ཆེན་ལྟ་བུའི་བྲང་གཞུང་ལས་མཚོ་མོ་རུ་འཁྱིལ་བྱུང་།

དགུན་འཁྱག་གི་ངོ་བོ་འཛིན་པའི་བདག་གི་སེམས་ཁམས་ནི།
ཁེར་རྐྱང་ཡིན་པའི་འཚོ་བ་འདིར་མངོན་ཞིང་།
མངའ་དབང་གི་དྲོད་ཁོལ་ཤོར་བའི་སྡོད་ཤག་འདིའི་ཀློང་རིམ་ནས་འཕྱུར་བྱུང་།
མེ་ཐབ་ཀྱི་དྲོད་ཤུགས་འཛིན་པའི་ལག་ཟུང་གིས
ཁེར་སྡུག་གི་སྣང་བར་གཡོལ་ཞིང་།
ཟུར་ཟ་ཡི་ངག་སྒྲོས་བསྐྱུར་དུས།
འབུད་ཤིང་གི་སྐྱེ་རྒྱུན་གཅོད་པའི་མི་ཆེན་གྱི་བཀའ་ངོགས་ལས།
རྩི་ཤིང་གི་ཤུ་སྒྲར་འགྲོགས་པའི་སེམས་ཀྱི་གདངས་དབྱངས།
སྐྱོ་སེམས་ཀྱི་ངོ་བོ་རྙེད་པའི་མི་བུ་དེར་མངའ་ཨང་།

སྤྲོ་སྣང་བསྟེན་སའི་དཔེ་དེབ་ཀྱི་ཡུལ་ལྗོངས་ལས།
གཏན་གྲོགས་སུ་དགོས་པའི་མཛེས་མ་དེར་འགྲོགས་འདྲིས་བྱེད་དུས།
ང་ཡི་མི་ཆེན་གྱི་བཀའ་ལུང་འཐིབས་པའི་བར་ཆད་དེ།
བདག་ལ་གདུག་རྩུབ་ཀྱིས་ཕབ་བྱུང་།
 
སྲིད་པར་ཅེར་བའི་ང་ཡི་མིག་ཟུང་གིས།
མཛེས་སྡུག་གི་རི་ལུང་མ་ཟིན་པར།
མནར་གཅོད་དང་འདྲེས་པའི་ཡུལ་ལྗོངས་མཐོང་བྱུང་།
རང་དབང་གི་སྡོད་ཤག་བྲལ་བའི་སེམས་གཅོང་གི་གདུང་གླུ
མངའ་ཐང་ཤོར་བའི་ནམ་མཁའི་ཡུལ་ལྗོངས་ལས་ཐོས་བྱུང་།
སྨྱུག་རྩེ་རུ་འཕྱོ་བའི་མཆོད་པའི་ཡོ་བྱད་དུ།
མཛད་རྣམ་རིང་མོ་འདི།
བདག་གི་སྐོམ་ཆུ་རུ་བསུས་པའི་ཞིམ་མངར་གྱི་བཏུང་ཆུ་བཞིན།
སྙན་ངག་གི་པུ་ཙེ་ཀློང་དུ་ལྡེམ་མེར་འཁྱིལ།

དགུན་འཁྱག་གི་ཁ་བ་མར་མར་འབབ་ཅིང་།
སེམས་གཅོང་དུ་དྲོད་ཀྱི་སྣང་བ་བཅོམ་པའི་གཤེད་མར་གྱུར།
ཡངས་པའི་འཇིག་རྟེན་གྱི་སྒལ་གཞུང་ལས།
ང་ཁོ་ན་རང་ཉིད་ཀྱི་གྲིབ་མར་འགྲོགས་ཤིང་།
རྩྭ་དང་ལྗོན་པའི་ཚོགས་ཀྱིས་ཀྱང་།
བདག་ལ་བར་ཐག་འཛིན་ཨང་།

ལྷིང་འཇགས་ཀྱི་བརྩེ་བ་འཁྱིལ་བའི་མལ་ཁྲིའི་སྟེང་།
དུས་ཚོད་ཀྱི་རྡོག་སྒྲ་སྒྲུག་པའི་ཤོག་ངོས་སུ།
མི།  ཁེར་རྐྱང་གིས་འཆར་བའི་བར་སྣང་གི་འཇའ་ཚོན།
 
ང་ཡི་འཇིག་རྟེན་དུ་རང་གི་སྡོད་ཤག་བྲལ་ཞིང་།
ང་ཡི་འཇིག་རྟེན་དུ་བརྩེ་དུང་གི་གཏམ་རྒྱུད་སྟོང་།

གཉིད་ལམ་དུ་འཕངས་པའི་དམོད་ཚིག་གི་རྫོབ་རྟགས་ཀྱིས།
མངའ་ཐང་མེད་པའི་མི་ལ་སྡུག་བསྔལ་ཞིག
རི་རབ་ཀྱི་ལྗིད་ཚད་ཀྱིས་མཇལ་ཞིང་།
མཐའ་མེད་པའི་ཁེར་རྐྱང་གི་གཙང་བོ་བཞིན་བཞུར་འོངས་ཨང་།

འཚོ་བ་ནི་སྐྱོ་དབྱངས་ཀྱི་འགྱུར་ཁུགས་ཤིག་རེད་འདུག
མི་ཚེ་ནི་རང་དབང་མེད་པའི་ཁོལ་པོ།
དམོད་ཚིག་དང་ཟུར་ཟ་ཡི་ལྕེ་ཞགས་བསྲིངས་སའི་རྩྭ་ཟིལ།
གཡོ་ཟོལ་གྱི་ཚོར་བ་སྒྲུག་པའི་མི་ཆེན།
ངན་སེམས་ཀྱི་རླངས་པ་འགྱུ་བའི་དྲན་བདག
སླར་ཡང་། གནང་ངེས་པའི་དུས་རབས་བཅུ་དགུ་བའི་དོན་སྙིང་།
ཁྱོད་ཀྱི་རྫི་བག་ལས་མངོན་པར་བརྡོལ་བའི་སེམས་དོན།
ཉམས་ཆུང་བའི་བདག་གི་འཚོ་བ་དང་།
རླབས་ཆེ་བའི་ཤེས་རབ་ཀྱི་མཚོ་ཀློང་དུ་འཕངས་པའི་ཁྲག་དམར།

སྐྱོ་ཞིང་དུབ་པའི་ངལ་བ་ཡི་འཚོ་བར།
ཉམ་ཆུང་བའི་གླུ་སྐད་ཀྱི་སྲོག་དབང་འཛུལ་ཞིང་།
སྐྱུག་བྲོ་བའི་མི་གཤིས་ཀྱི་དྲ་ཚིགས་ཀློང་ནས།
ཁྱོད་ཀྱི་གདོང་འབག་ལྟ་བུའི།  ཁྱོད་ཀྱི་འཚོ་བ་ལྟ་བུའི།
མཁྲེགས་འཛིན་གྱི་ལག་ཟུང་བདག་ལ་ཕོག་བྱུང་ཨང་།

ན་ངེས་པའི་བདག་གི་མགོ་བོ་ལ་ཟུག་གཟིར་ཞིག་ལངས་བྱུང་།
སྐྱོ་ངེས་པའི་བདག་གི་སེམས་ཁོངས་སུ་དགོད་སྒྲ་ཞིག་རྒྱས་ཡོང་།

2024-04-10 ཤེད་བུ།
2024-04-06 མཚམསྤྲིན།
 ཡག་བྱུང་། 
2024-04-05 རྡོ་གོར་མོ།
ཡག་གི་ཡ། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།